ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་ཡིས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་བ་དང་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་བརྟན་པོ་དང་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས་འཚོགས་པའི“དབང་གྲགས་ལས་ཁུངས་ཀྱིས་མགོ་རྩོམ་གླེང་བ”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ད་ལོར་ནུས་ཤུགས་ཡོད་རྒུས་ཡུལ་དངོས་ཀྱི་འཛད་སྤྱོད་སླར་གསོ་བྱེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་འཕར་གནས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱས་ཏེ། སྤུས་ཚད་མཐོ་བའི་ཕྱི་རྒྱལ་གྱི་མ་དངུལ་མང་པོ་ནང་འདྲེན་བྱ་རྒྱུ་ཡིན་ཞེས་བཤད།

ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་བསྟན་དོན། ད་ལོའི་ཚུན། རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་རིམ་བཞིན་བརྟན་བརླིང་སླར་གསོ་བྱུང་ཞིང་། སླར་གསོའི་རྣམ་པ་མངོན་གསལ་རེད། ས་གནས་ཁག་གི་ཚོང་ར་དང་། སྒོ་རྩིས་ཚོང་ཁང་། གློག་བརྙན་ཁང་། ཟློས་གར་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་སུ་མི་མང་བས་མགོ་ཡག་པོ་ཞིག་བརྩམས་ཡོད། ད་ལོར་ཡུལ་དངོས་ཀྱི་འཛད་སྤྱོད་སླར་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག འཛད་སྤྱོད་རིམ་སྤོར་དང་མི་མངོན་པའི་སྟོབས་ཤུགས་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

ཝང་ཝུན་ཐའོ་ཡིས་བཤད་རྒྱུར། ཚོང་དོན་པུའུ་ཡིས་ད་ལོ་ནི“འཛད་སྤྱོད་འཕེལ་བའི་ལོར”གཏན་འཁེལ་བྱ་རྒྱུ་རེད། ཟླ1པོ་ནས་ཟླ2པའི་བར་ནི་དཔྱིད་མགོའི་འཛད་སྤྱོད་དུས་ཚིགས་ཡིན་ལ། ཟླ་འདི་ནི་རྒྱལ་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཟླ་བ་ཡིན་ཞིང་། དེའི་རྗེས་སུ་ད་དུང་ལྗང་མདོག་འཛད་སྤྱོད་དུས་ཚིགས་དང་། དབྱར་གསེང་འཛད་སྤྱོད་དུས་ཚིགས། སྟོན་དུས་ཀྱི་ཉོ་སྒྲུབ་དུས་ཆེན། རྒྱལ་སྤྱིའི་འཛད་སྤྱོད་དུས་ཚིགས་སོགས་ཡོད། “དུས་ཚིགས་རེ་རེར་བརྗོད་བྱ་རེ་དང་། ཟླ་བ་རེ་རེར་འགྲེམས་ཚོགས་རེ། གཟའ་འཁོར་རེ་རེར་རྣམ་པ་རེ”བཅས་ཀྱི་ཐོག་ནས་ལོ་ཧྲིལ་པོའི་འཛད་སྤྱོད་བྱེད་སྒོ་རྒྱུན་མི་ཆད་པར་སྤེལ་ཐུབ་པར་འགན་ལེན་བྱས་ཏེ། འཛད་སྤྱོད་ཚ་རླབས་ཤིག་འཕྱུར་བ་བྱ་རྒྱུ་རེད།

ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བའི་ཐད། ཝང་ཝུན་ཐའོ་ཡིས་བསྟན་དོན། 2022ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཐད་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་། དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི40ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཏེ། བསྟུད་མར་ལོ6ལ་འཛམ་གླིང་གི་ཨང་དང་པོ་ཟིན། ད་ལོར་ཕྱི་ཕྱོགས་ཉོ་ཚོང་གི་གནོན་ཤུགས་མངོན་གསལ་གྱིས་ཆེ་རུ་ཕྱིན་པས། ཚོང་དོན་པུས་ཕྱོགས་ཆེན་པོ་གསུམ་གྱི་ཐད་ནས་ཤུགས་སྣོན་རྒྱུ་སྟེ། དངོས་ཟོག་ཉོ་ཚོང་རིམ་སྤོར་དང་། ཞབས་ཞུའི་ཉོ་ཚོང་གསར་གཏོད། གྲངས་འཛིན་ཉོ་ཚོང་འཕེལ་རྒྱས་བཅས་རེད། དེ་དང་ཆབས་ཅིག ཕྱི་ཕྱོགས་ཉོ་ཚོང་གི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱ་རྒྱུ་རེད།

གྲངས་གཞི་ལས་མངོན་པར། ད་ལོའི་ཚུན། རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་ཚད་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། ཟླ1པོར་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་དུས་མཉམ་ལས14.5%འཕར། ཝང་ཝུན་ཐའོ་ཡིས། ད་ལོ་གཙོ་གནད་ཐོག་མ་འཇོག་ལ་སྐུལ་འདེད་དང་ཞབས་ཞུ་མཐོར་འདེགས། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་ལ་ནུས་ཤུགས་ཆེན་པོ་བཏོན་ནས། སྤུས་ལེགས་ཀྱི་ཕྱི་དངུལ་འགུག་པར་འབད་བརྩོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།