ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྲིད་གཞུང་གིས་ཐུར་ཁེ་དང་སི་རི་ཡ་གཉིས་ལ་འཕྲལ་མཁོ་རོགས་སྐྱོར་གནང་རྒྱུའི་གཏན་འབེབས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས7ཉིན། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཏེང་པོ་ཆིང་གིས་ཐུར་ཁེར་ས་ཡོམ་དྲག་པོ་བྱུང་བའི་སྐོར་ནས་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་སྲིད་གཞུང་གིས་འཕྲལ་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ལམ་སྲོལ་ལག་ལེན་བསྟར་ནས་ཐུར་ཁེ་དང་སི་རི་ཡ་གཉིས་ལ་འཕྲལ་མཁོ་རོགས་སྐྱོར་གནང་རྒྱུའི་གཏན་འབེབས་བྱས་ཡོད་ཚུལ་བསྟན།

“ང་ཚོས་སྐོར་ཐེངས་དང་པོར་ཐུར་ཁེ་ལ་མི་དམངས་ཤོག་སྒོར་སྒོར་ཁྲི4000ཡི་ཛ་དྲག་གི་རོགས་སྐྱོར་བྱ་རྒྱུ་ཡིན་ལ། ཆུ་ཚོད་འགའ་ཡི་རྗེས་སུ་གྲོང་ཁྱེར་ལ་ལྗིད་འདེགས་རོགས་སྐྱོབ་བྱེད་པའི་རུ་ཁག་ལམ་ལ་ཆས་རྒྱུ་དང་། མི་འགོར་བར་སྨན་བཅོས་རུ་ཁག་ཀྱང་ལམ་ལ་ཆས་རྒྱུ་མ་ཟད། ཐུར་ཁེ་ཕྱོགས་ལ་འཕྲལ་མཁོ་ཆེ་བའི་གེགས་སེལ་དངོས་ཟོག་མཁོ་འདོན་བྱ་རྒྱུ་ཡིན”ཞེས་ཏེང་པོ་ཆིང་གིས་བཤད།

ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་ཕྱོགས་ལ་འཕྲལ་མཁོ་ཆེ་བའི་གེགས་སེལ་དངོས་ཟོག་མཁོ་འདོན་བྱ་རྒྱུ་མ་ཟད། ལག་བསྟར་བྱེད་བཞིན་པའི་འབྲུ་རིགས་རོགས་སྐྱོར་གྱི་རྣམ་གྲངས་གང་མགྱོགས་སྒོས་དོན་འཁྱོལ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད། 

ཏེང་པོ་ཆིང་གིས། ཀྲུང་གོའི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་ཐུར་ཁེ་དང་སི་རི་ཡར་རོགས་སྐྱོར་བྱེད་བཞིན་ཡོད་ལ། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་ཐུ་ཁེ་དང་སི་རི་ཡ་སོ་སོར་ཨ་སྒོར་ཁྲི20ཡི་རོགས་སྐྱོར་བྱས་པ་རེད། ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་སྤུན་ཟླས་རས་གུར་དང་ས་གདན་སོགས་རོགས་སྐྱོབ་དངོས་ཟོག་གྲབས་གསོག་བྱེད་བཞིན་པའི་སྒང་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཐོག་མ་དེ་ཚེས7ཉིན་གྱི་སྔ་དྲོ་གེགས་ཁུལ་དུ་རོགས་སྐྱོབ་བྱེད་པར་ལམ་ལ་ཆས་པ་རེད།

“ཀྲུང་གོ་སྲིད་གཞུང་གིས་གནོད་ཐེབས་གནས་ཚུལ་དང་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་ཐུར་ཁེ་དང་སི་རི་ཡར་ནུས་པ་ཡོད་དགུས་མུ་མཐུད་དུ་རོགས་རམ་བྱ་རྒྱུ་ཡིན”ཞེས་ཏེང་པོ་ཆིང་གིས་བཤད། 

ཟླ2པའི་ཚེས6ཉིན་གྱི་ཐོ་རེངས་སྐབས་ཐུར་ཁེའི་ལྷོ་རྒྱུད་ཀྱི་སི་རི་ཡའི་མཐའ་མཚམས་དང་ཐག་ཉེ་ས་ཁུལ་དུ་ས་ཡོམ་དྲག་པོ་བྱུང་བས་ཐུར་ཁེ་དང་སི་རི་ཡ་རྒྱལ་ཁབ་གཉིས་ལ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།