ལི་ཁེ་ཆང་གིས་མི་དམངས་དངུལ་ཁང་དང་ཕྱི་དངུལ་དོ་དམ་ཅུའུ་ཡི་བྱ་བར་རྟོག་ཞིབ་མཛད་དེ། དངུལ་རྩས་སྤྱིའི་དཔལ་འབྱོར་བརྟན་འཇགས་ཡོང་བར་རྒྱབ་སྐྱོར་བྱེད་པའི་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས། དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མི་དམངས་དངུལ་ཁང་དང་ཕྱི་དངུལ་དོ་དམ་ཅུའུ་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་གནང་བར་མ་ཟད། མགོ་འཛིན་མཛད་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དངུལ་རྩས་དཔལ་འབྱོར་བརྟན་འཇགས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱུན་མཐུད་སྒོས་དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ལ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ས་ཁུལ་དུ་རྒྱུན་འཛིན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
པར་འདི་ནི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་དབྱང་ཕྱི་དངུལ་བྱེད་སྒོའི་ལྟེ་གནས་སུ་ལས་བཟོ་བ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱེད་བཞིན་པའི་ཚུལ་རེད།
ཀྲུང་དབྱང་ཕྱི་དངུལ་བྱེད་སྒོའི་ལྟེ་གནས་སུ་ལི་ཁེ་ཆང་གིས་ལས་བྱེད་མི་སྣ་དང་བསམ་བློ་བརྗེ་རེས་བྱས་པ་དང་། ཕྱི་དངུལ་གསོག་འཇོག་བཟང་བོ་བྱས་པའི་བདག་གཉེར་ཁེ་ཕན་ལ་ཁས་ལེན་གང་ལེགས་བྱས། ཁོས་ཕྱི་ཕྱོགས་སྒོ་འབྱེད་ནི་གཞི་རྩའི་རྒྱལ་ཇུས་ཡིན་པས། ཀྲུང་གོའི་དཔལ་འབྱོར་འཛམ་གླིང་དང་མཉམ་བསྲེས་གཏིང་ཟབ་བྱས་པ་དང་། ཕྱི་དངུལ་གསོག་འཇོག་ལས་རྒྱལ་སྤྱིའི་སྟེང་དུ་རང་རྒྱལ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་པའི་ཡིད་ཆེས་མཚོན་པར་བྱས་ཡོད་ལ། འཛའ་ཕྱོད་བརྟན་འཇགས་དེ་དཔལ་འབྱོར་དངུལ་རྩའི་བརྟན་འཇགས་ཡོང་བར་འབྲེལ་བ་ཡོད། ལོ་འདི་དག་གི་རིང་ལ་སྐོར་ཐེངས་མང་པོའི་ཕྱི་ཕྱོགས་ཀྱི་རྡུང་རྡེག་ལ་དམིགས་ཏེ། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་ཚད་ཨ་སྒོར་དུང་ཕྱུར་ཁྲི3གསུམ་ཡན་ལ་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་ཤོག་སྒོར་གྱི་འཛའ་ཕྱོད་ཕལ་ཆེར་བརྟན་འཇགས་ཡིན་པ་དང་། རྒྱལ་སྤྱིའི་དངུལ་ལོར་སྣ་ཚོགས་ཁྲོད་དུ་བལྟོས་བཅས་སྒོས་བརྟན་བརླིང་ཡིན་པས། ཕྱི་ཕྱོགས་ཉོ་ཚོང་དང་དངུལ་རྩ། དཔལ་འབྱོར་སོགས་བརྟན་འཇགས་ཡོང་བར་ནུས་ལྡན་སྒོས་འདེགས་སྐྱོར་བྱས་ཟེར།
ལི་ཁེ་ཆང་གིས་དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་སྲོག་ཤིང་ཡིན་པ་དང་། དངུལ་རྩ་བཅོས་སྒྱུར་འཕེལ་རྒྱས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས། འདས་པའི་ལོ་བཅུའི་འཁོར་ཡུན་ལ་བལྟས་ན། དཔལ་འབྱོར་ལོ་རེར་ཆ་སྙོམས་སྒོས6.2%འཕར་སྣོན་བྱུང་བ་དང་། སྒོར་དུང་ཕྱུར་ཁྲི53ནས་སྒོར་དུང་ཕྱུར་ཁྲི121ལ་འཕར་སྣོན་ཆེན་པོ་བྱུང་ལ། དངུལ་རྩའི་ལས་ཁུངས་ཀྱི་སྤྱིའི་མ་རྩ་ཡང་ཚད་མཐོན་པོས་འཕར་སྣོན་བྱུང་། དཔལ་འབྱོར་འཕར་ཚད་བཟང་ན་ད་གཟོད་དངུལ་རྩ་བཟང་བ་དང་། དངུལ་རྩ་བརྟན་འཇགས་ཡིན་ན་ད་གཟོད་དཔལ་འབྱོར་བརྟན་བརླིང་ཡིན་ཞེས་བཤད།
པར་འདི་ནི་ཙུང་ལི་ལི་ཁེ་ཆང་གིས་མགོ་མཛིན་གནང་སྟེ་བཞུགས་མོལ་ཚོགས་འདུ་བསྡུ་བཞིན་པའི་ཚུལ་རེད།
ཚོགས་ཐོག་ནས་མི་དམངས་དངུལ་ཁང་གིས་བྱ་བའི་གནས་ཚུལ་ཡར་ཞུ་བྱས། ལི་ཁེ་ཆང་གིས་ལོ་འདི་དག་གི་རིང་ལ་རིམས་ནད་སོགས་ཀྱི་རྡུང་རྡེག་སྣ་མང་ཐེབས་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྒོས་འཕར་བར་རྒྱུན་འཁྱོངས་བྱས། ང་ཚོས་བརྟན་བརླིང་ཡིན་པའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་དང་གནས་བབ་ལ་བསྟུན་ནས་སྤྱི་གྲངས་དང་སྒྲིག་གཞི་རང་བཞིན་གྱི་བྱེད་ཐབས་བཀོལ་སྤྱོད་བྱས་ཏེ། དཔལ་འབྱོར་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ནུས་པ་གལ་ཆེན་བཏོན། ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་དངུལ་བསྡུ་དཀའ་བའི་གནད་དོན་ཐག་བཅད་པ་དང་། ཚོང་རའི་གཙོ་གཞི་འགན་སྲུང་བྱས་ནས་ལས་ཞུགས་བརྟན་འཇགས་དང་དམངས་ཀྱི་འཚོ་བར་ལེགས་བཅོས་བྱེད་དགོས་པ་མ་ཟད། ང་ཚོས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྣམ་པ་བཀོལ་སྤྱོད་བྱས་ཏེ། དངུལ་རྩའི་ཚོང་རའི་རྒྱུན་ལྡན་མིན་པའི་ཉེན་ཁར་ནུས་ལྡན་སྒོས་དོགས་ཟོན་བྱེད་པ་དང་། དུས་ཐོག་ཏུ་བརྟན་བརླིང་དང་ལུགས་མཐུན་སྒོས་དངུལ་རྩའི་ལས་ཁུངས་འབྲིང་ཆུང་དང་། ས་ཁང་བདག་ཁོངས་ཁེ་ལས། དྲ་ཐོག་དངུལ་བུན་སོགས་ཀྱི་ཉེན་ཁ་ཐག་བཅད་ནས། ཁོངས་གཏོགས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་གཏན་སྲུང་བྱ་དགོས། ཡིན་ཡང་མིག་སྔར་གྱི་གནད་དོན་གསལ་བོར་རྟོགས་དགོས་པ་དང་། དངུལ་རྩའི་བརྟན་འཇགས་སྲུང་སྐྱོབ་དང་ཉེན་ཁར་དོགས་ཟོན་བྱེད་རྒྱུ་དེ་སྔར་བཞིན་ཡུན་རིང་དང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད་ཟེར།
ལི་ཁེ་ཆང་གིས་དངུལ་རྩ་ཁོངས་གཏོགས་ཀྱིས་རྒྱུན་མཐུད་ངང་དཔལ་འབྱོར་བརྟན་འཇགས་ཀྱི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབས་བྱས་ཏེ། དངུལ་རྩས་འཛད་སྤྱོད་དང་མ་རྩ་འཇོག་ཚད། སྒྲིག་གཞི་ལེགས་སྒྱུར་བྱེད་ཤུགས་བཅས་ཇེ་ཆེར་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་གི་དངུལ་བསྡུ་ཁོར་ཡུག་ལེགས་བཅོས་བྱེད་དགོས། དངུལ་རྩའི་ཉེན་ཁར་དོགས་ཟོན་བྱས་ནས། མི་དམངས་ཤོག་སྒོར་གྱི་འཛའ་ཕྱོད་དེ་ལུགས་མཐུན་དང་དོ་མཉམ་ཅན་དུ་གཏོང་བར་གཞི་རྩའི་ཆ་ནས་བརྟན་འཇགས་སུ་གཏོང་དགོས་ཟེར།
ལིའུ་ཧོ་དང་ཧོ་ལི་ཧྥེང་གཉིས་གོང་གི་བཞུགས་མོལ་ཚོགས་འདུར་ཞུགས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ལི་ཁེ་ཆང་གིས་མི་དམངས་དངུལ་ཁང་དང་ཕྱི་དངུལ་དོ་དམ་ཅུའུ་ཡི་བྱ་བར་རྟོག་ཞིབ་གནང་སྟེ་བཞུགས་མོལ་ཚོགས་འདུ་བསྡུས།