ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ལ་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གསུམ་ལོའི་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལྷན་འཛོམས་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་བློ་སྟོབས་ཆེར་བསྐྱེད་ཀྱིས་སྐྱོད་ལམ་གསར་པར་ཞུགས་པ་དང་དམིགས་འབེན་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། འབད་འབུངས་ཆེན་པོས་སླར་ཡང་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་གནང་།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་མི་རྣམས་ལ་དྲོད་ཁོལ་བསྩལ་བ་དང་ངར་སེམས་བསྐྱེད་པར་མ་ཟད། བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གཅིག་སྡུད་བྱས། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། ལོ་གསར་པའི་ནང་དུ། ཡོས་བུ་དང་འདྲ་བར་མཆོང་རྒྱུག་རྩེན་གསུམ་གྱི་སྒོ་ནས་སོ་སོའི་ལས་ལ་རྩེ་གཅིག་ཏུ་འབད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདས་ཟིན་པའི་ཆུ་སྟག་ལོ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོས་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན་ལ། འགྱུར་ལྡོག་རྒོད་པའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། འབྲུག་ལྡིར་སྟག་མཆོང་གི་ངར་ཤུགས་དང་སྟག་ཚང་དུ་འཛུལ་ཕོད་པའི་ངར་ཤུགས། བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་བཅས་ལ་བརྟེན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་བརྩམས་ཡོད་ཅེས་ནན་གྱིས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ནི་ལས་སླ་མོའི་ངང་ཐོབ་པ་ཞིག་གཏན་ནས་མིན་པར། ཏང་དང་མི་དམངས་ཀྱིས་མཉམ་དུ་ཧུར་བརྩོན་དང་ལས་སྒྲུབ། འབད་འཐབ་བཅས་བྱས་པ་ལས་བྱུང་བ་ཞིག་ཡིན། ལག་ལེན་གྱི་སྟེང་ནས་ཏང་དང་མི་དམངས་ཐོག་མཐའ་བར་གསུམ་དུ་དཔུང་བ་མཉམ་གཤིབ་དང་བསམ་ཕྱོགས་གཅིག་ལ་གཏོད་པ། ལས་དོན་ཅི་ཡོད་མཉམ་སྒྲུབ་བཅས་བྱས་པ་ཡིན་ན། གཞི་ནས་འགོག་རྐྱེན་གང་གིས་ཀྱང་ང་ཚོའི་ངར་ལྕགས་ལྟ་བུའི་སྲ་བརྟན་གྱི་སྙིང་སྟོབས་ལ་གཡོ་འགུལ་གཏོང་མི་ཐུབ་ལ། དཀའ་ངལ་གང་གིས་ཀྱང་ང་ཚོའི་གོམ་སྟབས་བརྟན་པོ་འགོག་མི་ཐུབ་ཅེས་ནན་གྱིས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་སྙན་ཞིང་འཇེབས་ལ་སྟོབས་ཤུགས་དང་ལྡན་པ་ཞིག་ཡིན་པས། དེར་ཀྲུང་ཧྭའི་བུ་དང་བུ་མོ་དུང་ཕྱུར་མང་པོའི་སེམས་ཁོང་དུ་ཚུར་སྣང་ཆེན་པོ་བྱུང་ནས། ཚང་མར་ཡིད་ཆེས་ཀྱིས་ཁེངས་བཞིན་སྐྱོད་ལམ་གསར་པའི་སྟེང་བསྐྱོད་རྒྱུའི་ཐད་སྐུལ་ལྕག་ཆེན་པོ་ཐེབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་མོ་ཡོས་ལོའི་གནམ་ལོ་གསར་པའི་ནང་དུ། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་རི་བོང་ནང་བཞིན་མཆོང་རྒྱུག་རྩེན་གསུམ་གྱི་སྒོ་ནས་སོ་སོའི་ལས་ལ་འབད་དེ།  ལས་རིགས་སོ་སོའི་ཁྱབ་ཁོངས་སུ་ལང་ཚོའི་ཉམས་འགྱུར་དང་འཇོན་ཐང་ངོམས་རྒྱུའི་རེ་བ་ཡོད་ཅེས་གསུངས། ལུགས་རྙིང་ལོ་སར་གྱི་དུས་ཆེན་སྐབས་སུའང་མི་མང་པོ་ཞིག་གིས་སྔར་བཞིན་རང་སོ་སོའི་ལས་གནས་བརྟན་སྲུང་བྱེད་ཀྱིན་ཡོད་པས། ལུགས་རྙིང་ལོ་སར་དུས་ཆེན་གྱི་མཁོ་སྤྲོད་ལ་འགན་ལེན་བྱེད་པ་ནས་འཛུགས་སྐྲུན་ལས་ཡུལ་བར་དང་། གྲོང་གསེབ་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོ་ནས་ཚན་རྩལ་མཁྲེགས་གཏོར་གྱི་མདུན་ཕྱོགས་བར་དུ། ལས་རིགས་ཁག་གི་མི་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ལོ་གསར་པའི་ནང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས།

སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པར་བརྗིད་ཆེའི་འཆར་གཞི་བཟོས་ཡོད་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔའ་སྐྱེད་མདུན་སྐྱོད་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དང་སྔར་ལས་རྒྱང་རིང་གི་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་ནས། ལག་གདང་སྦྲེལ་ཏེ་མདུན་དུ་བསྐྱོད་དགོས་ཞེས་གསུངས།

ཞང་ཀང་དང་ཨའོ་མེན། ཐའེ་ཝན་བཅས་ལས་རིགས་ཁག་གི་མི་སྣས་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་དེས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ལ། ཞང་ཀང་དང་ཨའོ་མེན་གྱིས་མུ་མཐུད་དུ་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བར་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་ཐུབ་ཁོ་ཐག་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།