ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁེ་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལིས་ཁེ་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་པ་དང་། སྲིད་གཞུང་མ་ལག་གིས་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་བཏང་། ཧན་ཀྲིན་ཚོགས་འདུར་ཞུགས། 


ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཟླ1པོའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའམ་ཏང་ཙུའུ་ཧྲུའུ་ཅི་ལིས་ཁེ་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་པ་དང་། སྲིད་གཞུང་མ་ལག་གིས་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་བཏང་། 

    ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མྱོང་རྟོགས་ཟབ་མོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་མྱོང་རྟོགས་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་བརྟན་པོར་འཛུགས་པ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པ། རུལ་སུངས་ལ་རྒོལ་བ་བཅས་ལ་འབད་བརྩོན་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་དེ། སྲིད་གཞུང་གི་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་ལ་ཁྱབ་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ལག་བསྟར་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། 

གཅིག ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་སྔར་ལས་ལེགས་པར་འདོན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་དང་སྡེ་ཁག་སོ་སོའི་ཏང་ཙུའུ(ཏང་ཨུ)ཡིས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པར་སྟོབས་དང་ལྡན་པའི་སྐུལ་འདེད་གཏོང་དགོས། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་གྱི་ཐོག་ལ་ཤུགས་བཏོན་ནས། ཏང་གི་གཞུང་ལུགས་དང་ལམ་ཐིག་བྱེད་ཕྱོགས་སྲིད་ཇུས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། 

གཉིས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དངོས་འབེབས་བྱེད་པར་ནན་འཛིན་བྱེད་དགོས། སྲིད་གཞུང་གི་འཚོ་བ་སྤྱིར་བཏང་རོལ་བར་རྒྱུན་འཁྱོངས་བྱེད་པ་དང་། བྱ་བ་ཐམས་ཅད་སྒྲུབ་པར་གྲོན་ཆུང་བྱེད་པ། ནོར་སྲིད་སོགས་རྒྱལ་ཁབ་ཀྱི་མ་དངུལ་ལ་རྩིས་གསལ་པོར་རྒྱག་པ། གཙོ་གནད་མ་ཡིན་པ་དང་ངེས་པར་དགོས་པ་མ་ཡིན་པའི་དངུལ་གཏོང་ལ་ཚོད་འཛིན་ནན་མོ་བྱས་ནས། སྔར་ལས་ལྷག་པར་གྲོན་ཆུང་བྱེད་དགོས། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ལ་མུ་མཐུད་དུ་ཡོ་བསྲང་བཅོས་སྐྱོང་བྱས་ནས། རྒྱས་སྤྲོས་ཆུད་ཟོས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་ཕྱི་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅོས་སྐྱོང་བྱེད་པ་དེ་སྔར་ལས་འབུར་དུ་དོད་པའི་གོ་གནས་སུ་བཞག་སྟེ། བྱ་བ་སྟབས་བདེ་ཅན་གྱི་གཅིག་གཅོད་དང་རིམ་པ་རིམ་པས་འགན་དཀྲི་བ་མཐའ་གཅིག་ཏུ་འགོག་དགོས། 

གསུམ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་ཏན་གྱིས་ལག་ལེན་དུ་འདེབས་དགོས། རང་གི་འགན་འཁྲི་ནན་མོ་འཁུར་བ་དང་རང་གི་མངའ་ཁོངས་དོ་དམ་ནན་མོ་བྱེད་པ། རང་རྟོགས་ཀྱིས་མགོ་ཁྲིད་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱེད་པ། ཏང་ནང་གི་ཁྲིམས་སྲོལ་གཞན་དག་རང་རྟོགས་སྒོས་སློབ་སྦྱོང་ལག་བསྟར་བྱས་ཏེ། སྒྲིག་ལམ་འདུ་ཤེས་དང་ལམ་སྲོལ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བར་གཏིང་ཟབ་མོས་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། དྲང་བཞག་དཔལ་ཡོན་ལྡན་པའི་ཁྲིམས་བསྟར་བྱེད་པ་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་བ། དབང་ཤུགས་ཀྱིས་གཞི་ཆུང་དཔལ་འབྱོར་གྱི་བྱེད་སྒོར་འོས་མིན་གྱི་ཐེ་གཏོགས་བྱེད་པར་ཇེ་ཉུང་དུ་བཏང་ནས། རུལ་སུངས་གི་འབྱུང་རྩ་མུ་མཐུད་དུ་གཏན་འགོག་བྱེད་དགོས། ཞིབ་མཆན་ལྟ་རྟོག་དོ་དམ་དང་བཟོ་སྐྲུན་འཛུགས་སྐྲུན། སྤྱི་པའི་ཐོན་ཁུངས་ཉོ་ཚོང་སོགས་གཙོ་གནད་ཁྱབ་ཁོངས་དང་དམངས་འཚོའི་གཙོ་གནད་དོན་དག་ཁག་ལ་དམིགས་ནས། རུལ་སུངས་གནད་དོན་ལ་གཟབ་ནན་སྒོས་ཞིབ་བཤེར་ཐག་གཅོད་བྱེད་དགོས། 

བཞི། རང་འཁྲི་འགན་ལེན་དང་ཁག་ཁུར་ལས་སྒྲུབ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་རང་འགུལ་གྱིས་བསྐྲུན་པ། ཕྱོགས་སོ་སོའི་ཡར་བརྩོན་རང་བཞིན་སྐུལ་སློང་བྱས་ནས། གསར་གཏོད་རང་བཞིན་གྱི་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་དགོས། དཀའ་བ་གཉིས་དང་དཀའ་བ་མང་པོའི་གནད་དོན་ཐག་གཅོད་བྱས་ནས་དམངས་ཕན་བདེ་སྐྱིད་བསྐྲུན་པའི་དོན་དངོས་མང་དུ་བསྒྲུབ་དགོས། མིག་སྔར་དཔལ་འབྱོར་བརྟན་པའི་ཚལ་སླེ་གཅིག་གི་སྲིད་ཇུས་དང་རྗེས་མཐུད་བྱེད་ཐབས་དངོས་འབེབས་མུ་མཐུད་དུ་ལེགས་པོར་འཛིན་པ་དང་། སྲིད་ཇུས་ཀྱི་བརྟན་ལྷིང་རང་བཞིན་སྲུང་འཛིན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། གོང་འཕེལ་དང་ལས་ཞུགས། དངོས་རིན་བཅས་ལ་བརྟན་པོར་དམིགས་ནས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་སྟོང་དུ་སྲུང་འཛིན་བྱེད་དགོས། གལ་ཆེ་བའི་དམངས་འཚོའི་ཚོང་རྫས་དང་སྨན་རྫས། ནུས་ཁུངས་སོགས་འདོན་སྤྲོད་འགན་སྲུང་དངོས་སུ་ཞིབ་ཅིང་ཕྲ་བར་བཟུང་ནས། དཀའ་ངལ་ཅན་ལ་རོགས་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས། 

ཚོགས་ཐོག་ནས། སྐབས་འདིའི་སྲིད་གཞུང་གི་ཚུན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་སྡེ་ཁག་སོ་སོའི་ཏང་ཙུའུ(ཏང་ཨུ)ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་བླང་བྱ་ནན་ཏན་སྒོས་དངོས་འབེབས་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་འགན་སྲུང་ནུས་པ་ཕུན་སུམ་ཚོགས་པར་བཏོན་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་སྐུལ་འདེད་བྱས་ཏེ། ཁྲིམས་ལྟར་སྲིད་གཉེར་རྒྱུན་འཁྱོངས་བྱས་ཤིང་། རྟག་བརྟན་འགྱུར་མེད་ཀྱིས་སྲོལ་བཟང་སྒྲིག་དམ་དང་འབྱུང་རྩ་ནས་རུལ་སུངས་ལ་རྒོལ་བ་དང་། དངོས་སྒྲུབ་ཁག་ཁུར་གྱི་ངར་སེམས་བསླངས་ནས། སྲིད་གཞུང་མ་ལག་ཏུ་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་བཏང་། སྲིད་གཞུང་མ་ལག་གི་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་མ་ལག་འཐུས་ཚང་བཙུགས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས། 

ཧན་ཀྲིན་དང་སུང་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝེ་ཧྥིན་ཧི། ཝང་ཡུང་། ཞའོ་ཅེ། ཀྲའོ་ཁུ་ཀྲི་བཅས་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།