ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་བཙུགས་ནས་ལོ་འཁོར30ལོན་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་བཙུགས་ནས་ལོ་འཁོར30ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། རིག་གཞུང་སློབ་ཚོགས་ཀྱི་བློ་མཐུན་ཡོངས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱལ་ཁབ་ལོ་རྒྱུས་ཞིབ་འཇུག་ལས་དོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་དུ། རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་བཙུགས་ནས་ལོ30འཁོར་བའི་རིང་ལ། ཀྲུང་གོ་གསར་པའི་ལོ་རྒྱུས་ཞིབ་འཇུག་དང་དྲིལ་སྒྲོག སློབ་གསོའི་བྱ་གཞག་བཅས་འཕེལ་རྒྱས་དང་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་བྱེད་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་ཤོས་མཛུབ་སྟོན་དུ་འཛིན་པ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཞིབ་འཇུག་ལས་དོན་པ་རྣམས་ལ་མཐུན་སྒྲིལ་སྔར་ལས་གང་ལེགས་བྱེད་པ། རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་བརྗོད་བྱ་གཙོ་བོ་དང་གཙོ་རྐང་དང་གཙོ་རྒྱུན་གྱི་ངོ་བོ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས་ཞིབ་འཇུག་གི་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་བ་དང་། དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱེད་པ། སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་སྣོན་པ། མི་རྣམས་ཀྱི་ལོ་རྒྱུས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་རང་རྟོགས་ཇེ་ཆེར་གཏོང་བ། མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་སྟོབས་ཤུགས་སྔར་ལས་ལེགས་པའི་སྒོ་ནས་གོང་བུར་འགྲིལ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་པའི་ཐུགས་རེ་བཏོན།

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་སྤྱི་ཚོགས་ཚན་རིག་གླིང་དེང་རབས་ཀྲུང་གོའི་ཞིབ་འཇུག་ཁང་། རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་ཀྱི་བློ་མཐུན་གཙོ་བོས་ཚོགས་འདུའི་སྟེང་གཏམ་བཤད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས1992ལོའི་ཟླ12པར་བཙུགས་པ་དང་། དེ་ནི་རྒྱལ་ཡོངས་རིག་གཞུང་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཡིན། སློབ་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་ལོ་རྒྱུས་ཞིབ་འཇུག་གི་ཆེད་མཁས་པ་དང་རིག་གནས་པ། རྒྱལ་ཁབ་ལོ་རྒྱུས་ལས་དོན་ལ་དགའ་མཁན་བཅས་མཐུན་སྒྲིལ་བྱས་ཏེ། རྒྱལ་ཁབ་ལོ་རྒྱུས་ཞིབ་འཇུག་དང་དྲིལ་སྒྲོག སློབ་གསོ་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།