ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨར་དང་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨར་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུའུ་ཞི་སྨི་ཞེ་ཨར་གྱིས་ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཡོངས་ཀྱི་ཚབ་བྱས་ཏེ། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་མ་ཐག་རྗེས་འདིར་ཀྲུང་གོར་འཚམས་འདྲི་གནང་བ་འདིའི་སྟེང་ནས། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་འདུན་བཟང་པོ་མཚོན་ཡོད།  ཀྲུང་གོ་དང་ཡོ་རོབ་ནི་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཉིས་དང་། མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བའི་ཚོང་ར་ཆེན་པོ་གཉིས་ཡིན་ལ། མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་དཔལ་ཡོན་གཉིས་ཀྱང་ཡིན། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བས་གོང་ནས་གོང་དུ་འཕེལ་བའི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི། ཀྲུང་གོ་དང་ཡོ་རོབ་བར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་ཙམ་བྱུང་ན། འཛམ་གླིང་གི་འགྲན་སློང་དེ་ཙམ་གྱིས་འབུར་ཐོན་ཅན་དུ་འགྲོ་ངེས་ཡིན་ལ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཛམ་གླིང་གི་དོན་སྙིང་ཡང་དེ་ཙམ་གྱིས་མངོན་གསལ་ཅན་དུ་འགྲོ་ངེས་ཡིན།

༡.jpg

ཟླ12པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨར་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བློ་མཐུན་ཅང་ཙེ་རྨིན་ཟླ11པའི་ཚེས30ཉིན་སྙུང་གཞིའི་དབང་གིས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཧྲང་ཧའེ་རུ་སྐུ་གཤེགས་པ་རེད། བློ་མཐུན་ཅང་ཙེ་རྨིན་གྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་འགན་བཞེས་པའི་རིང་ལ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་བཞེས་གནང་ལ། ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོར་འཚམས་འདྲི་ཐེངས་མང་གནང་མྱོང་ཞིང་། ཡོ་རོབ་མནའ་འབྲེལ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པའི་བར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་གནང་བར་མ་ཟད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་བའི་དབང་གིས། ཕྱོགས་གཉིས་ཀས་ཁྱབ་ཁོངས་སོ་སོའི་བར་གླེང་མོལ་དང་མཉམ་ལས་བྱེད་པར་སྐུལ་མ་ཐེབས། ང་ཚོས་ཁོང་གི་ཐུགས་འདུན་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་མུ་མཐུད་སྲ་བརྟན་དང་གོང་འཕེལ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་ཕན་གྱི་མཐོང་སྣེ་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་སྟེ། ཡོ་རོབ་བར་གྱི་འཐབ་ཇུས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲུབ་འབྲས་གལ་ཆེན་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་ལྔ་ངོ་སྤྲོད་གནང་། ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་མགྱོགས་མྱུར་ངང་འཕེལ་བཞིན་པའི་དབང་གིས། རྒྱལ་ཁབ་ཚང་མས་འབྱུང་འགྱུར་གྱི་ལམ་བུའི་ཐད་བསམ་གཞིག་བྱེད་བཞིན་ཡོད་ཅིང་། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པས་འབྱུང་འགྱུར་གྱི་ལམ་བུའི་ངོས་ནས་ལན་བཏབ་པ་ནི། ནང་ཁུལ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་རྒྱུ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་དང་། ཕྱི་ཕྱོགས་སུ་རང་བཙན་རང་བདག་གི་ཞི་བདེ་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བའི་ཕྱི་འབྲེལ་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱུ་དེ་ཡིན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་ཀྱི་སྣོན་མ་ཡིན་ལ། ཀྲུང་གོས་དུས་ནམ་ཡང་བཙན་ཤུགས་ལ་བརྟེན་ནས་དབང་སྒྱུར་མི་བྱེད་པ་དང་ནམ་ཡང་རྒྱ་སྐྱེད་གཏོང་བའི་སྦྱོར་བ་མི་རྩོམ་པས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བརྗིད་ཉམས་ཆེ་བའི་ཆབ་སྲིད་ཀྱི་ཁས་ལེན་ཞིག་ཡིན་ལ། གནད་དེའི་སྟེང་ནས་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་གི་བློ་སྟོབས་མཚོན་ཡོད། ང་ཚོར་རང་ཉིད་ཀྱི་ལམ་ལུགས་བརྟན་པོ་དང་བཅོས་སྐྱོང་བརྟན་པོ། སྲིད་ཇུས་བརྟན་པོ།  འཕེལ་རྒྱས་བརྟན་པོ་བཅས་ལ་བརྟེན་ནས། རྒྱུན་ཆད་མེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིན་ཐང་བྲལ་བའི་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་སྣོན་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་ཡོ་རོབ་གཞི་གཅིག་ཅན་ནི་ཀྲུང་གོ་དང་ཡོ་རོབ་སོ་སོས་འབྱུང་འགྱུར་ལ་དམིགས་ཏེ་གདམ་ག་བྱས་པ་ཞིག་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དེ་ཀྲུང་གོ་འདི་ཉིད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་པའི་རོགས་ཟླ་གལ་ཆེན་ཞིག་ཏུ་འགྱུར་བར་རེ་ལྟོས་བྱས་ནས། ཀྲུང་གོའི་ཁྲོམ་ར་ཆེན་མོའི་གོ་སྐབས་དང་ལམ་ལུགས་རྣམ་པའི་སྒོ་འབྱེད་ཀྱི་གོ་སྐབས། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་བཅས་མཉམ་སྤྱོད་བྱ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་ནན་གྱིས་གསུངས།

༢.jpg

ཟླ12པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨར་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་དགོངས་འཆར་བཞི་བཏོན་པ་སྟེ། 

གཅིག་ནས་ཡང་དག་པའི་ངོས་འཛིན་རྒྱུན་འཁྱོངས་བྱེད་དགོས། ཀྲུང་ཡོ་བར་ལ་གཞི་རྩའི་འཐབ་ཇུས་ཀྱི་མི་མཐུན་པ་དང་འགལ་བ་མེད། ཀྲུང་གོས་བཙན་བདག་དང་བཙན་ཤེད་ཅན་དུ་གྱུར་འདོད་མེད་པས། ནམ་ཡིན་ཡང་ལམ་ལུགས་ཕྱིར་གཏོང་བྱེད་མི་སྲིད། ཀྲུང་གོས་ཡོ་རོབ་མནའ་འབྲེལ་ཀྱི་རང་བདག་ལ་རོགས་སྐྱོར་དང་ཡོ་རོབ་གླིང་གི་མཐུན་སྒྲིལ་དར་རྒྱས་ལ་རོགས་སྐྱོར་བྱེད་འདོད་ཡོད། ཡོ་རོབ་མནའ་འབྲེལ་ལས་ཁུངས་དང་ཁོངས་མི་རྒྱལ་ཁབ་ཀྱིས་དོན་དངོས་དང་ཡང་དག་པའི་ཀྲུང་གོའི་ངོས་འཛིན་འཛུགས་པ་དང་། ཀྲུང་གོའི་སྲིད་ཇུས་ལ་ཞི་བདེ་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཉིས་ཁེ་མཉམ་རྒྱལ་རྒྱུན་འཁྱོངས་དང་འཇམ་འཐབ་བསམ་བློ་དང་འདུ་ཤེས་འཛིན་སྟངས་འགལ་ཟླ་ལས་བརྒལ་བ་དང་། ལམ་ལུགས་འགྲན་རྒོལ་ལས་བརྒལ་ནས། རྣམ་པ་སྣ་ཚོགས་ཀྱི་འཇམ་འཐབ་ལ་ངོ་རྒོལ་བྱེད་དགོས་པའི་རེ་བ་ཡོད།

གཉིས་ནས་མི་མཐུན་པའི་ཆར་དོ་དམ་དང་ཚོད་འཛིན་འོས་འཚམ་བྱེད་དགོས། ཀྲུང་ཡོ་ལོ་རྒྱུས་རིག་གནས་དང་འཕེལ་རྒྱས་ཆུ་ཚད། འདུ་ཤེས་འཛིན་སྟངས་བཅས་ལ་ཁྱད་པར་ཡོད་པར་བརྟེན། ཕྱོགས་གཉིས་ཀྱིས་གནད་དོན་ཁ་ཤས་སྟེང་གི་ལྟ་སྟངས་མི་འདྲ་བ་ནི་རྒྱུན་ལྡན་ཡིན་པས། འཛུགས་སྐྲུན་རང་བཞིན་གྱི་རྣམ་འགྱུར་གྱིས་འབྲེལ་གཏུག་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་དགོས་ལ། གནད་འགག་ནི་ཕན་ཚུན་གྱི་གལ་ཆེའི་ཐུགས་ཁུར་དང་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་དགོས་ཤིང་། ལྷག་པར་དུ་བདག་དབང་དང་སྒེར་ཚུགས། མངའ་འཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱས་ནས། ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་བ་དང་། ཐུན་མོང་སྒོས་ཀྲུང་ཡོ་འབྲེལ་བའི་ཆབ་སྲིད་རྨང་གཞི་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་ཀྲུང་ཡོ་མིའི་ཐོབ་ཐང་སྐོར་གྱི་གླེང་མོལ་བྱེད་འདོད་ཡོད།

གསུམ་ནས་ཆུ་ཚད་སྔར་ལས་མཐོ་བའི་མཉམ་ལས་སྤེལ་དགོས། ཡོ་རོབ་གླིང་ནི་ཀྲུང་གོའི་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པའི་རོགས་ཟླ་གལ་ཆེན་ཞིག་ཡིན་ལ། ཁེ་ཕན་མྱོང་མཁན་ཡང་ཡིན། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་དང་། འཕེལ་རྒྱས་གསར་བའི་རྣམ་པ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། ཡོ་རོབ་ཕྱོགས་དེའི་ནང་ཞུགས་པ་དང་མུ་མཐུད་དུ་མཉམ་རྒྱལ་ཡོང་བར་དགའ་བསུ་ཞུ། ཕྱོགས་གཉིས་ཀྱིཡས་སྤྱི་ཁོག་དཔལ་འབྱོར་ཀྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཚོང་ར་དང་མ་རྩ། ལག་རྩལ་བཅས་ཀྱི་ལེགས་ཆས་ཕན་ཚུན་ཁ་གསབ་ལ་ཤུགས་སྣོན་པ་དང་། ཐུན་མོང་ཐོག་གྲངས་ཀའི་དཔལ་འབྱོར་དང་ལྗང་མདོག་ཁོར་སྲུང་། ནུས་ཁུངས་གསར་བ། མིས་བཟོས་རིག་ནུས་སོགས་ཀྱི་འཕར་གནས་གསར་བའི་སྒུལ་ཤུགས་གསར་འཛུགས་དང་། ཐུན་མོང་ཐོག་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་གྱི་བདེ་འཇགས་དང་བརྟན་བརླིང་། བློས་ཐུབ་ལ་ཁག་ཐེག་བྱེད་པ། ཐུན་མོང་ཐོག“ཐར་གྲོལ་ཕྲེང་ཆད”དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཐུན་མོང་ཐོག་དཔལ་འབབྱོར་ཚན་རྩལ་བརྗེ་རེས་ཆབ་སྲིད་ཅན་དང་དྲག་ཆས་ཅན་དུ་བསྒྱུར་བར་ངོ་རྒོལ་བྱེད་དགོས། ཀྲུང་གོས་ཡོ་རོབ་ཁེ་ལས་ལ་མུ་མཐུད་དུ་སྒོ་འབྱེད་རྒྱུ་ཡིན་པས། ཡོ་རོབ་མནའ་འབྲེལ་གྱིས་འགལ་རྐྱེན་སྣ་ཚོགས་སེལ་ནས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་མངོན་གསལ་གྱི་ཚོང་གཉེར་གྱི་ཁོར་ཡུག་གི་འདོན་སྤྲོད་བྱེད་པའིི་རེ་བ་ཡོད།

བཞི་ནས་རྒྱལ་སྤྱིའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་ཡོ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་འདོད་ཡོད་པས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ངོ་མ་ལག་ཏུ་བསྟར་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་ཆོག ཕྱོགས་གཉིས་ཀྱིས་གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་། ནུས་ཁུངས་བདེ་འཇགས་དང་འབྲུ་རིགས་བདེ་འཇགས། སྤྱི་བའི་འཕྲོད་བསྟེན་སོགས་ལ་སྣེ་ཁྲིད་བྱེད་པར་འབད་བརྩོན་བྱས་ཏེ། རང་སྟེང་གི་སྤུས་ལེགས་སྤྱི་བའི་ཐོན་རྫས་དང་མཉམ་ལས་སྟེགས་བུའི་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་དགོས། ཡོ་རོབ་ཕྱོགས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞིའི་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཡོ་རོབ་མནའ་འབྲེལ་དང་མཉམ་དུ་གོ་ལ་ཧྲིལ་བོའི་ཕྱོགས་ཁག་གི་འཐབ་ཇུས་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ། ད་ཡོད་ཀྱི་ལམ་སྲོལ་སྣ་ཚོགས་ལ་བརྟེན་ནས་ཁྱབ་ཁོངས་སོ་སོའི་གླེང་མོལ་མཉམ་ལས་ཐད་སྔར་ལས་མང་པོའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན།

སྨི་ཞེ་ཨར་གྱིས་ཞི་ཅིན་ཕིང་གིས་བསྟུད་མུར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་དང་། ཡོ་རོབ་མནའ་འབྲེལ་གྱི་ཚབ་བྱས་ཏེ་བློ་མཐུན་ཅང་ཙེ་རྨིན་སྙུང་གཞིའི་དབང་གིས་འདས་པར་མྱ་ངན་ཟབ་མོ་ཞུས། སྨི་ཞེ་ཨར་གྱིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་དང་ས་མཚམས་ཆབ་སྲིད་ཐད་རྙོག་འཛིང་ཆེ་ལ་གཏིང་ཟབ་པའི་འགྱུར་ལྡོག་འབྱུང་བཞིན་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲན་སློང་དང་ཉམས་ཉེན་མང་པོ་གནས་ཡོད། ཀྲུང་གོས་ནམ་ཡང་རྒྱ་སྐྱེད་གཏོང་བའི་སྦྱོར་བ་མི་རྩོམ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་ལ་སྲུང་སྐྱོབ་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཟླ་གྲོགས་གལ་ཆེན་ཞིག་ཡིན། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་རྗེས་དུས་ཡུན་རིང་བོ་མ་འགོར་བར། ཀྲུང་གོའི་བར་མཐོ་རིམ་ངོ་འཕྲད་གྲོས་མོལ་བྱེད་པའི་གོ་སྐབས་བྱུང་བར་གཅེས་སྤྲས་བྱས་ནས། ཕན་ཚུན་བརྩི་འཇོག་དང་ལྷག་བསམ་ཟོལ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་ཕྱོགས་སོ་སོའི་གནད་དོན་གལ་ཆེན་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཏེ། ཕན་ཚུན་རྒྱུས་ལོན་བྱེད་པ་དང་གྲོས་མོལ་བྱེད་པ། མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བཅས་བྱེད་འདོད་ཡོད། ཡོ་རོབ་མནའ་འབྲེལ་གྱིས་འཐབ་ཇུས་རང་བརྟེན་རྒྱུན་འཁྱོངས་བྱས་ནས་རང་ངོས་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཡོ་རོབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ་ལས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད།  ཡོ་རོབ་མནའ་འབྲེལ་ནི་ཀྲུང་གོ་ཕྱོགས་ཀྱིས་བློ་གཏད་ཆོག་ལ་རེ་ལྟོས་བྱེད་རུང་བའི་མཉམ་ལས་ཟླ་གྲོགས་བྱེད་འདོད་ཡོད།  ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དུས་རིམ་རྗེས་མའི་མཐོ་རིམ་འགྲོ་འོང་ཡག་པོ་བྱས་ཏེ། ཐད་ཀར་གྲོས་མོལ་བྱེད་པ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་པ། གོ་ནོར་ཐེབས་ཚད་དང་ནོར་འཁྲུལ་ཉུང་དུ་གཏོང་བ། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། ནུས་ཁུངས་ཉམས་ཉེན་དང་གནམ་གཤིས་འགྱུར་ལྡོག སྤྱི་པའི་འཕྲོད་བསྟེན་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཡོ་རོབ་དང་ཀྲུང་གོའི་བར་གྱི་དངུལ་གཏོང་གྲོས་ཆོད་ཀྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་བཏང་ནས། མཁོ་འདོན་ཕྲེང་སྦྲེལ་བརྟན་པོ་ཡོང་བར་བྱེད་པ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས། ཡོ་རོབ་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་དགོངས་འཆར་བརྗེ་རེས་གནང་།

ཝང་དབྱི་དང་ཧོ་ལི་ཧྥུན་སོགས་གོང་གསལ་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།