ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མགོ་འཛིན་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་ཆེན་པོ་དང་རྒྱུན་མཐུད་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་བཀོད་སྒྲིག་བྱས་པ་དང་། ས་གནས་ལ་ལྟ་སྐུལ་མཛུབ་སྟོན་བྱ་བའི་ཚན་ཆུང་མངགས་ནས། དུས་མགོར་བཏོན་ཟིན་པའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པར་གཏན་འབེབས་བྱས།

གྲོས་ཚོགས་ལས་ས་གནས་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ནས། དཔལ་འབྱོར་སྔར་ལས་ཇེ་བརྟན་དུ་གཏོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་ནན་མོ་བྱས་པར་བརྟེན། དུས་ཚིགས་གཉིས་པར་དུས་མགོའི་དཔལ་འབྱོར་མར་འགྲིབ་པའི་རྣམ་པ་བསྒྱུར་བ་དང་དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་ཐད་འདེགས་སྐྱོར་ནུས་ལྡན་བྱས། དུས་ཚིགས་བཞི་པའི་དཔལ་འབྱོར་འཁོར་སྐྱོད་ནི་ལོ་ཧྲིལ་པོའི་དཔལ་འབྱོར་ལ་མ་མཚོན་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ། མིག་སྔར་ནི་དཔལ་འབྱོར་བརྟན་པོའི་ངང་ཡར་རྒྱས་འགྲོ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་གནད་འགག་གི་དུས་སྐབས་ཡིན། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཆ་ཚང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས་བྱེད་པ། གྲུབ་འབྲས་ཅུང་ལེགས་པོ་ཐོབ་རྒྱུར་བརྩོན་ལེན་བཅས་བྱེད་དགོས། དུས་མགོའི་ནོར་སྲིད་དང་དངུལ་རྩའི་སྐོར་གྱི་སྲིད་ཇུས་བཏོན་ནས། ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་སྒྲིག་ཆས་གསར་སྒྱུར་སྒྱུར་བཀོད་བྱས་ཏེ། དེ་བསྟུན་གྱི་ཕན་འབྲས་དངོས་ཐོན་བཞིན་ཡོད་ནའང་། ད་དུང་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་དུས་མཚུངས་སུ། ས་གནས་སོ་སོའི་གནས་ཚུལ་ལ་ཁྱད་པར་ཡོད་པའི་དབང་གིས། ཁག་གཅིག་དོན་འཁྱོལ་བྱས་མེད་པ་མུ་མཐུད་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་མོ་བྱེད་དགོས་ཞེས་བསྟན།

གཅིག་ནས་ལས་གཞི་གལ་ཆེན་གྱི་མཐུན་སྦྱོར་ལམ་སྲོལ་གྱིས་མུ་མཐུད་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། ལས་གཞི་གལ་ཆེན་གྱི་མ་དངུལ་གཏོང་སྤྲོད་དང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་ཁེ་ལས་སོགས་སྤྱི་ཚོགས་ཀྱི་མ་རྩའི་དངུལ་གཏོང་ལ་སྐུལ་ཁྲིད་བྱས་ཏེ། ལོ་འདིའི་ནང་དངོས་རྫས་ཀྱི་ལས་ཚད་སྔར་ལས་ཇེ་མང་དུ་འཕེལ་བར་བྱེད་དགོས་ལ། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་བདེ་འཇགས་ཡིན་པའི་བཟོ་སྐྲུན་འཛུགས་དགོས།

གཉིས་ནས་སྒྲིག་ཆས་གསར་བརྗེས་སྒྱུར་བཀོད་ཐད་དངུལ་བུན་གྱི་གན་རྒྱ་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས་པའི་རྨང་གཞིའི་སྟེང་དུ། ལས་ཀའི་གཙོ་གནད་དེ་ཆེད་སྤྱོད་དངུལ་བུན་བསྐྱར་མ་སྤྲོད་པ་དང་ནོར་སྲིད་ཀྱི་སྐྱེད་གསབ་སྤྲོད་རྒྱུར་བསྒྱུར་ནས་སྒྲིག་ཆས་ཉོ་སྒྲུབ་དང་སྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

གསུམ་ནས་འཛད་སྤྱོད་བརྟན་འཇགས་སུ་གཏོང་བ་དང་རྒྱ་བསྐྱེད་དགོས། ལས་སྟེགས་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། གློག་རྡུལ་ཉོ་ཚོང་དང་མྱུར་སྐྱེལ་དྲ་བ་གེགས་མེད་ཡོང་པར་འགན་ལེན་བྱེད་དགོས། གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས།

བཞི་ནས་འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན་རྒྱུན་མཐུད་ཡོང་བར་འགན་སྲུང་བྱེད་དགོས། དངོས་ཟོག་སྐྱེལ་འདྲེན་གེགས་མེད་ཡོང་བར་འགན་ལེན་བྱེད་པའི་ལས་དོན་ལམ་སྲོལ་ལ་རྒྱུན་ཆད་མེད་པར་མཐུན་སྦྱོར་བྱས་ཏེ། བརྒྱུད་ལམ་གཙོ་བོ་དང་འཁོར་རྒྱུག་ཆུང་གྲས་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱེད་པ་དང་། གྲུ་ཁ་སོགས་ཀྱི་གཅིག་སྡུད་དངོས་ཟོག་སྐྱེལ་འདྲེན་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་པ། དུས་ཐོག་ཏུ་གནད་འགག་སྒྲོལ་ཐུབ་པར་བྱེད་རྒྱུ་བཅས་བྱས་ནས། ཐོན་ལས་ཕྲེང་འབྲེལ་བརྟན་པོ་དང་ཕྱིར་གཏོང་ནང་འདྲེན་གེགས་མེད་ཡོང་བར་སྲུང་སྐྱོབ་བྱེད་དགོས།

ལྔ་ནས་དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་ཁང་གིས་ཀུན་ཕན་གྱི་བསགས་འབོར་ཆུང་ཕྲན་ལ་དངུལ་བུན་གཏོང་བར་ཁྲིད་སྟོན་བྱས་ཏེ་ཁེ་བཟང་འོས་འཚམ་སྤྲོད་པ་དང་། འགྲིམ་འགྲུལ་དང་ཟོག་འགྲེམས་ཀྱི་དངུལ་རྩའི་ཞབས་ཞུ་མུ་མཐུད་ཡག་པོ་སྒྲུབ་པ། དམངས་གཉེར་ཁེ་ལས་ཀྱི་བུན་འཛིན་འགྲེམས་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་འབེབས་སོགས་ཀྱི་དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་དུས་ཐོག་ཏུ་འོས་འཚམ་ངང་སྤྱོད་པ་བཅས་བྱས་ཏེ། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བར་བྱེད་དགོས།

དྲུག་ནས་དཀའ་ངལ་ཡོད་པའི་མང་ཚོགས་དང་ལས་ཤོར་མི་སྣའི་འགུལ་ཚུལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོབ་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས། དམངས་ཚིས་ཀྱི་གཞི་རྩའི་ཚད་མཐའ་བརྟན་པོ་བཟོ་རྒྱུ་དང་།  ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་གཏོང་བར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུར་འགན་སྲུང་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལྟ་སྐུལ་མཛུབ་སྟོན་དང་ཞབས་ཞུར་ཤུགས་སྣོན་དགོས། ཟླ11པའི་ཟླ་མཇུག་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་མཛུབ་སྟོན་བྱ་བའི་ཚན་ཆུང་སོ་སོ་འབྲེལ་ཡོད་ས་གནས་སུ་སོང་ནས། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས་ནས། སྲིད་ཇུས་དོན་འཁྱོལ་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས།

གྲོས་ཚོགས་ནས་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།