ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་མཐུན་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་མཐུན་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་ཐུག་འཕྲད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཐུག་འཕྲད་ལ་ཞུགས།

ལིས་ཁི་ཆང་གིས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་ཀྲུང་ཕྱིའི་མཛའ་མཐུན་འགྲོ་འོང་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཁོ་ཚོ་བརྒྱུད་དེ་ཀྲུང་གོ་རུ་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཆེད་མཁས་པའི་ཁྱིམ་མི་ཡོངས། ད་དུང་ཀྲུང་གོའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་བརྩེ་བའི་འཚམས་འདྲི་བྱས།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པ་དང་། དེང་རབས་ཅན་མངོན་འགྱུར་བྱེད་པའི་ལས་འགན་ལྕི་ཞིང་ལམ་ཐག་རིང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ག་འདྲ་བྱུང་ནའང་། ང་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་རང་གི་དོན་དག་བཟང་པོར་བསྒྲུབ་སྟེ། ཀྲུང་གོའི་མི་དམངས་ལ་འཚོ་བ་བཟང་པོ་རོལ་ཏུ་འཇུག་རྒྱུ་ཡིན། ད་ལོར་སྔོན་དཔག་ལས་བརྒལ་བའི་བརྡབ་གསིག་ཐེབས་པས། ཀྲུང་གོའི་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་དང་འཕྲད་ནའང་། སྤྱིའི་ཆ་ནས་སླར་གསོའི་རྣམ་པ་མངོན་ཡོད། ང་ཚོར་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱས་ཏེ། དཔལ་འབྱོར་རྒྱུན་སྲིང་དང་བདེ་ཐང་ངང་གོང་འཕེལ་དུ་གཏོང་བར་ཡིད་ཆེས་དང་ནུས་པ་ཡོད།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཕྱི་རྒྱལ་གྱི་ཆེད་མཁས་པ་ནི་མཛའ་མཐུན་གྱི་ཕོ་ཉ་ཡིན་ལ། ཀྲུང་གོ་དང་འཛམ་གླིང་གི་སྦྲེལ་ཐག་གལ་ཆེན་ཡིན། ང་ཚོས་རྒྱལ་ཁབ་སོ་སོའི་འཇོན་མི་ཀྲུང་གོར་བྱ་བ་སྒྲུབ་ཏུ་ཡོང་བར་མཐུན་རྐྱེན་བཟང་པོ་དང་ཞབས་ཞུ་བཟང་པོ་འདོན་སྤྲོད་བྱེད་པ་དང་། ཚན་རིག་ཞིབ་འཇུག་ཁོར་ཡུག་དང་གསར་གཏོད་སྟེགས་བུ་སོགས་ཐད་ནས་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་རྒྱུ་ཡིན་ལ། ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན།

བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པས་ཀྲུང་གོ་སྲིད་གཞུང་གིས་བྱ་དགའ་གནང་བ་དང་ལིས་ཁི་ཆང་གིས་ཐུག་འཕྲད་བྱས་པར་བཀའ་དྲིན་ཆེ་ཞུས་ལ། ཀྲུང་གོའི་འཕེལ་རྒྱས་དང་ཀྲུང་ཕྱིའི་འབྲེལ་འདྲིས་ལ་སྔར་ལས་ཡར་སྐུལ་བྱེད་པར་མུ་མཐུད་དུ་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བསྟན།

ཐུག་འཕྲད་ཀྱི་རྗེས་སུ། ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལིས་ཁི་ཆང་གིས་གདན་དྲངས་པ་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་དོན་གསུམ་ལོན་པའི་སྣེ་ལེན་ཚོགས་འདུར་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧི་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།