ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱིས《ངལ་རྩོལ་སློབ་གསོ》སློབ་དེབ་གཅིག་གྱུར་ཐོག་རྩོམ་འབྲི་སྒྲིག་འཛུགས་བྱ་རྒྱུ་མིན་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སློབ་གསོ་པུའུ་ཡི་དྲ་ཚིགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་སློབ་གསོ་པུའུ་ཡིས《རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞི1224ཡི་དྲིས་ལན》ཁྱབ་བསྒྲགས་བྱས་པ་དང་། སློབ་གསོ་པུའུ་ཚོང་དོན་དང་ནོར་སྲིད་པུས“གྲོང་གསེབ་ཀྱི་སྤུས་ཚད་སློབ་གསོར་ཤུགས་སྣོན་རྒྱག་པའི་སྐོར་གྱི་གྲོས་གཞིར”ལན་བཏབ་པའི་ཞིབ་ཕྲའི་ནང་དོན་ཁྱབ་བསྒྲགས་བྱས་པ་རེད།

དྲིས་ལན་གྱིས《ངལ་རྩོལ་སློབ་གསོ》དང《སེམས་ཁམས་བདེ་ཐང་སློབ་གསོ》ཡི་སློབ་དེབ་དེ་བསླབ་གཞིའི་དཀར་ཆག་ནང་འཇུག་པའི་སྐོར་ལ་ལན་སྐྱོན་སྐབས། སློབ་གསོ་པུའུ་ཡིས《ངལ་རྩོལ་སློབ་གསོ》སློབ་དེབ་དེ་རྒྱལ་ཁབ་ཀྱིས་གཅིག་གྱུར་ཐོག་རྩོམ་འབྲི་སྒྲིག་འཛུགས་བྱ་རྒྱུ་མིན་པ་དང་། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ངལ་རྩོལ་ལག་ལེན་གྱི་མཛུབ་ཁྲིད་ལག་དེབ་རྩོམ་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ས་ཁུལ་དང་སློབ་གྲྭ་ཁག་གིས་དགོས་མཁོ་དངོས་ལ་གཞིགས་ནས་ངལ་རྩོལ་ལག་ལེན་གྱི་མཛུབ་ཁྲིད་ལག་དེབ་འཆར་འགོད་དང་རྩོམ་སྒྲིག་བྱེད་ཆོག

སློབ་གསོ་པུའུ་ཡིས་ངལ་རྩོལ་སློབ་གསོའི་ཐད་གཙོ་བོ་ལག་ལེན་གཙོ་བོར་བྱེད་པ་དང་། ངལ་རྩོལ་རྣམ་གྲངས་ནི་སློབ་ཚན་ལག་ལེན་བསྟར་བའི་གཞི་རྟེན་གལ་ཆེན་ཡིན་ལ། རྒྱལ་ཡོངས་ས་གནས་ཁག་གི་གནས་ཚུལ་ལ་ཧེ་བག་ཆེན་པོ་ཡོད་པས། སློབ་གྲྭས་དོན་དངོས་དང་ཟུང་འབྲེལ་བྱེད་པར་སྐུལ་ལྕག་བྱས་ནས་ས་གནས་ཀྱི་དཔལ་འབྱོར་རིག་གནས་དང་། སློབ་མའི་འཚོ་བའི་དོན་དངོས་དང་སློབ་ཚན་གྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གཏོང་བ་ཟུང་སྦྲེལ་དམ་ཟབ་བྱེད་དགོས། ངལ་རྩོལ་སློབ་གསོའི་སློབ་ཚན་གྱི་ཐོན་ཁུངས་ལ་རྣམ་པ་མང་བའི་རང་བཞིན་ལྡན་ཡོད་པས་ཡིག་ཆ་དང་ཐོན་ཁུངས་ཀྱི་ཁུག་མ། སྒྲ་བརྙན་སོགས་ཡིན་ཆོག་པ་དང་། བསླབ་མཚམས་མི་འདྲ་བའི་སྐབས་སུ་རྣམ་པ་མི་འདྲ་བ་སྤྱད་ཆོག་ལ། ཐོན་ཁུངས་སྡེབ་སྒྲིག་མི་འདྲ་བ་བྱས་ཀྱང་ཆོག་ཟེར།

《སེམས་ཁམས་བདེ་ཐང་སློབ་གསོ》ཡི་སློབ་དེབ་ཐད་སློབ་གསོ་པུའུ་ཡིས། ཚེ་སྲོག་བདེ་འཇགས་དང་བདེ་ཐང་སློབ་གསོ་ཕྱོགས་ཡོངས་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་གྱི་སློབ་དེབ་ནང་འཇུག་པ་དེ། ཚེ་སྲོག་བདེ་འཇགས་དང་བདེ་ཐང་སློབ་གསོ་བརྒྱུད་རིམ་ཅན་དང་རྒྱུན་རྣམ་ཅན། ཕུགས་ཕན་ཅན་བཅས་མངོན་འགྱུར་ཡོང་བ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པར་བསྟན།

《ཚེ་སྲོག་བདེ་འཇགས་དང་བདེ་ཐང་སློབ་གསོའི་སྐོར་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་བསླབ་གཞིའི་ཕྱོགས་སྟོན》གཞིར་བཟུང་། ལོ་ན་མི་འདྲ་བའི་སློབ་མའི་ལུས་སེམས་འཚར་ལོངས་ཡོང་བའི་ཁྱད་ཆོས་དང་ཤེས་རྟོགས་ཐུབ་ཚད་ལ་བསམ་གཞིག་གང་ལེགས་བྱས་ནས། སློབ་གསོའི་དམིགས་ཚད་དང་ནང་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། སློབ་ཆུང་དང་དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་སློབ་མཚམས་གསུམ་དུ་གོ་རིམ་ལྡན་པའི་ངང་སྤེལ་ཏེ་རིམ་པ་བཞིན་སྐུལ་འདེད་གཏོང་བ་དང་སྐས་རིམ་ལྟར་གོང་སྤེལ་གཏོང་དགོས། དེ་མ་ཟད་རིག་ཚན་གྱི་ཁྱད་ཆོས་ལ་གཞིགས་ནས། ལྟེ་བའི་བྱང་ཚད་སྟོན་ཕྱོགས་སུ་བཟུང་སྟེ། ཚེ་སྲོག་བདེ་འཇགས་དང་བདེ་ཐང་སློབ་གསོའི་འབྲེལ་ཡོད་ནང་དོན་བདམས་ནས། རིག་ཚན་སློབ་ཁྲིད་ཀྱི་ཐོག་མའི་དཔྱད་གཞིར་བརྩིས་ཏེ་རིག་ཚན་སློབ་གསོའི་ནང་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་། སྤྲོ་སྣང་ལྡན་པ་དང་ཕན་ཚུན་སྐུལ་འདེད་ཐུབ་པ། ཉམས་ལེན་ཐུབ་པ། གྲུབ་ཐུབ་པ་བཅས་ལ་དོ་སྣང་བྱས་ཏེ་སློབ་གསོའི་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། སློབ་ཚན་གྱི་ཁྱད་ཆོས་ལ་གཞིགས་ནས།《སེམས་ཁམས་བདེ་ཐང་སློབ་གསོ》ནང་རིག་ཚན་སློབ་གསོ་མཉམ་འདྲེས་བྱེད་པ་གཙོ་བོར་འཛིན་པ་ལས་རྒྱལ་ཁབ་ཀྱིས་གཅིག་གྱུར་ཐོག་བསླབ་གཞི་རྩོམ་འབྲི་སྒྲིག་འཛུགས་བྱ་རྒྱུ་མིནཔ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྗེས་མར་སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ཁག་གིས་ངལ་རྩོལ་སློབ་གསོ་དང་སེམས་ཁམས་བདེ་ཐང་སློབ་གསོའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གོ་རིམ་ལྡན་པའི་ངང་སློབ་ཚན་གྱི་ཚད་གཞི་གསོ་སྦྱོང་བྱེད་པ། སློབ་ཚན་ལག་བསྟར་གྱི་དོ་དམ་དང་མཛུབ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ཏེ་སློབ་ཚན་ནུས་ལྡན་ངང་ལག་ལེན་བསྟར་བར་འགན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།