ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན2022ལོའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོར་དྲན་གསོ་ཞུ་བའི་བྱ་འགུལ་ཁྲོད་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་བརྙན་ལམ་བརྒྱུད་ནས2022ལོའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོར་དྲན་གསོ་ཞུ་བའི་བྱ་འགུལ་ཁྲོད་ཞུགས་པ་མ་ཟད་གཙོ་དོན་གཏམ་དཔྱད་སྤེལ། 

པར་འདི་ནི་ཟླ9བའི་ཚེས21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་བརྙན་ལམ་བརྒྱུད་ནས2022ལོའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོར་དྲན་གསོ་ཞུ་བའི་བྱ་འགུལ་ཁྲོད་ཞུགས་པ་མ་ཟད་གཙོ་དོན་གཏམ་དཔྱད་གནང་བཞིན་པའི་རྣམ་པ་རེད། 

ཝང་ཆི་ཧྲན་གྱིས་བསྟན་དོན། རྒྱལ་སྤྱིའི་ཞི་བདེ་ཉིན་མོས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་རྣམས་ཞི་བདེ་ལྷིང་འཇགས་ཡོང་བར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་མཚོན། མིག་སྔར་འཛམ་གླིང་འདི་ཉིད་གཡོ་འགུལ་ཆེ་བའི་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་། བདེ་ཉེན་བཅས་ལ་ཐུགས་ཁུར་ཟབ་བཞེས་གནང་སྟབས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ་བཏོན་པ་རེད། གྲོས་མགོ་གལ་ཆེན་འདི་ལས་རྒྱལ་སྤྱི་སྤྱི་ཚོགས་ཀྱིས་འཛམ་གླིང་ཞི་བདེ་ཡོང་བར་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡོངས་ཁྱབ་ཀྱི་འདུན་པ་མཚོན་ཡོད་ལ། ཞི་བདེའི་མཚལ་ཡིག་སེལ་བ་དང་བདེ་འཇགས་ཀྱི་དཀའ་གནད་སེལ་བར་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་འབུལ་བ་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།

ཝང་ཆི་ཧྲན་གྱིས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་གཞི་ལག་བསྟར་བྱ་རྒྱུ་ཡིན། ང་ཚོས་ཕན་ཚུན་ལ་བརྩི་འཇོག་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། རྒྱལ་ཁབ་བདེ་འཇགས་དང་། བདག་དབང་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་ངེས་པར་དུ་བརྩི་འཇོག་ཐོབ་པར་རྒྱུན་འཁྱོངས། རྒྱལ་ཁབ་སོ་སོའི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་རེད། ང་ཚོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། བདེ་སྡུག་མཉམ་མྱོང་ལ་མཐའ་འཁྱོངས་བྱས་ནས་ཐུན་མོང་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། ང་ཚོས་ཕྱི་ཕྱོགས་ལ་གྲོས་མོལ་བ་རྒྱུ་རྒྱུན་འཁྱོངས་དང་ཞི་བདེ་མཉམ་གནས་ཡོང་བར་མངོན་འགྱུར། ཞི་བདེ་ངང་ཐག་གཅོད་པའི་བྱ་གཞག་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་དགོས། ང་ཚོས་ཕྱར་བ་གྲུ་འདེགས་ཀྱིས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་བྱ་བ་འཐུས་ཚང་དུ་གཏོང་བ། བཙན་དབང་བཙན་གནོན་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། དངོས་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་བ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཁག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཝང་ཆི་ཧྲན་གྱིས་ལོ་རྒྱུས་ཀྱིས་ང་ཚོར་ཞི་བདེ་ནི་མིའི་རིགས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་པ་གསལ་བཤད་གནང་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་བཅས་བྱ་དགོས། ཀྲུང་གོས་འཛམ་གླིང་ཐོག་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་ཚང་མ་དང་མཉམ་དུ་ལག་གདང་མཉམ་སྦྲེལ་སྒོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐའེ་ལེ་སི་དང་འབར་མའི་རྒྱལ་ཁབ་ཀྱི་སྲིད་འཛིན་པན་ཏཱ་ལི་སོགས་བརྙན་ལམ་བརྒྱུད་ནས་ཚོགས་འདུར་ཞུགས། ཚོགས་ཞུགས་ཀྱི་ཕྱི་ཕྱོགས་མི་སྣས་བསྟན་དོན། གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་མགོ་འདི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་མཐུན་སྟབས་ཞི་བདེ་བདེ་འཇགས་དང་དར་རྒྱས་ཆེ་བའི་འཛམ་གླིང་འཛུགས་པར་སྒུལ་ནུས་གལ་ཆེན་བཏོན་པ་རེད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་གོ་མི་དམངས་ཀྱིས་ཞི་བདེ་བརྩོན་ལེན་དང་དམག་འཕྲི་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་པའོ་རྗེས་དྲན་བྱ་འགུལ་ནང་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།