ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཀན་སུའུ་རུ་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཟླ8པའི་ཚེས26ཉིན་ནས་ཚེས28ཉིན་བར་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས། ལི་ཀྲན་ཧྲུའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ནན་ཏན་ངང་བཟོ་བ། ཁྲིམས་སྐྱོང་བརྒྱུད་ལམ་སྟེང་ནས་རྨ་ཆུ་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྨ་ཆུ་འདི་ཉིད་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཆུ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན།

ལི་ཀྲན་ཧྲུའུ་ཡིས་རྨ་ཆུ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་བཟོ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་གཏན་ལ་ཕབ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་སྐུལ་འདེད་གཏོང་བཞིན་པའི་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། རྨ་ཆུའི་འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཀྱི་འདུན་པ་དང་སྤྱི་ཚོགས་བྱ་སྤྱོད་ཀྱི་ཚད་གཞིར་བསྒྱུར་ནས། རྨ་ཆུར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དེ་རྨ་ཆུར་སྲུང་སྐྱོབ་བྱེད་པའི་ཁྲིམས་བཟང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་བཟང་། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཁྲིམས་བཟང་བཅས་སུ་འགྱུར་བར་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་དོ་སྙོམས་དང་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད། མི་དམངས་ཇི་སྲིད་བར་དུ་ཞི་འཇགས་ཡོང་བ་བཅས་བྱེད་དགོས་ཞེས་བསྟན།

ལི་ཀྲན་ཧྲུའུ་ཡིས་རྨ་ཆུ་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དངོས་སུ་བཏོན་རྗེས་ཀྱི་ལག་བསྟར་ལས་དོན་ཡག་པོ་སྒྲུབ་དགོས། ས་ཆུ་སྲུང་འཛིན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་ནས། ས་སེར་དང་བྱེ་མ་ཅན་དུ་འགྱུར་ཚད་སྔར་ལས་ཇེ་ཉུང་དུ་གཏོང་དགོས།  ཆུའི་འབག་བཙོག་འགོག་བཅོས་དང་ལེགས་བསྡུས་ཞིབ་གཉེར་དང་ཆུ་གྲོན་ཆུང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་བ་དང་སྔར་ལས་ཇེ་ལེགས་སུ་གཏོང་བ། ལུགས་དང་མི་མཐུན་པའི་ཆུ་བཀོལ་དགོས་མཁོ་མཐའ་གཅིག་ཏུ་འགོག་པ་བཅས་བྱེད་དགོས། རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་ལེན་ཡང་ཡིན་པས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། རྨ་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་ཐད་ཕུགས་ཕན་གྱི་ཇུས་འགོད་བཟོ་རྒྱུ་དང་། མིག་མདུན་གྱི་ལས་དོན་བཟང་བོར་སྒྲུབ་པ། སྙིང་རུས་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་བསྟན།

ལི་ཀྲན་ཧྲུའུ་ཡིས་ཏང་གི་འགོ་ཁྲིད་འདི་ཉིད་དམངས་ཆེན་ལས་དོན་གྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་མ་ནོར་བར་བྱས་ཏེ། དམངས་ཆེན་གྱི་ཆབ་སྲིད་དང་བསམ་བློ། ཀུན་སྤྱོད། སྒྲིག་ཁྲིམས། ནུས་པ་བཅས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་བཏང་ནས། དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཐུས་མིའི་ཁྱིམ་གཞིས་དེ་ཉིད་ཏང་ཀྲུང་དབྱང་གི་དགོངས་དོན་དྲིལ་སྒྲོག་དང་བཅའ་ཁྲིམས་སྲིད་ཇུས་དྲིལ་སྒྲོག་བྱེད་སའི་སྐར་ཁུང་ལྟ་བུ་ཞིག་དང་། མང་ཚོགས་ཀྱི་བསམ་འདུན་དང་རེ་ལྟོས་ཅི་ཡོད་ཤེས་རྟོགས་དང་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག སློབ་སྦྱོང་བརྗེ་རེས་ལ་ཤུགས་སྣོན་དང་ཁྲིམས་ཀྱིས་གཏན་འབེབས་བཟོས་པའི་འགན་འཁྲི་སྒྲུབ་པའི་འཐབ་ར་བཅས་སུ་འགྱུར་བར་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།