ཀྲུང་གོ་བོད་ཀྱི་དྲ་བ།

​བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་ཚེས18ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་མཐུན་སྦྱོར་ཚན་ཆུང་གི་ཙུའུ་ཀྲང་ཝང་དབྱང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་། ཁོང་གིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་གྱུར་མཁན་ལ་རོགས་རམ་བྱས་ཏེ། མཇུག་མཐར་མཉམ་དུ་ཕྱུག་པོར་གྱུར་བའི་བྱེད་ཐབས་གལ་ཆེན་ཡིན་ལ། དེ་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཅིག་བསྡུས་ངང་མཚོན་པ་ཞིག་ཡིན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། བརྟན་ཐོག་ཡར་བརྩོན་གྱི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སྤྱི་འདོམས་སུ་རྒྱུན་འཁྱོངས་བྱས་ཏེ། དམངས་ཀྱི་འདོད་བློ་དང་མཐུན་པ་དང་། དམངས་འཚོ་འགན་སྲུང་། དམངས་སེམས་གཅིག་འགྲིལ་བཅས་རྒྱུན་འཁྱོངས་བྱས་ཏེ། ཡུན་རིང་གི་ཇུས་གཞི་མང་པོ་འགོད་པ་དང་། བོད་ལྗོངས་ཀྱི་ཡུན་རིང་བདེ་བཀོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་འགལ་ཟླ་དང་གནད་དོན་ཐག་གཅོད་མང་པོ་བྱས་ནས། བོད་སྐྱོར་ལས་དོན་གྱི་ཕྱོགས་བསྡུས་ཕན་འབྲས་མུ་མཐུད་དུ་ཇེ་མཐོར་བཏང་སྟེ། མཐུན་སྒྲིག་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་དགོས།

1128926473_16608282095271n.jpg

ཟླ8པའི་ཚེས18ཉིན། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་མཐུན་སྦྱོར་ཚན་ཆུང་གི་ཙུའུ་ཀྲང་ཝང་དབྱང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

      ཝང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་པའི་འབྲེལ་ཡོད་ཕྱོགས་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། མ་དངུལ་འབོར་ཆེན་བཏང་བ་དང་། དེའི་ནང་ཞུགས་མཁན་མང་བ། ཁྱབ་རྒྱ་ཆེ་བ་བཅས་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན། བོད་སྐྱོར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པས། བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཀྱི་བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་ཀྱི་སྤུས་ཚད་མཐོ་བའི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གསོ་རླུང་མི་འདང་ཡང་སྙིང་སྟོབས་ཆེན་པོ་ལྡན་པའི་བྱ་སྤྱོད་དངོས་ཀྱིས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཡོད་པར་བསྟན།

ཝང་དབྱང་གིས་དུས་རབས་གསར་པ་དང་དུས་མཚམས་གསར་པའི་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་མི་རིགས་སོ་སོའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་ཡིན་པའི་གནས་བབ་སྟེང་བཞག་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་དང་རྒྱལ་ཁབ་ཀྱི་གནས་ཚུལ་སློབ་གསོ་གཏིང་ཟབ་དང་བརྟན་པོར་བཙུགས་ནས། རོགས་སྐྱོར་བྱ་ཡུལ་གྱི་གཞོན་ནུ་ལོ་ཆུང་དང་གཞི་རིམ་གྱི་ལས་བྱེད་པ་སྔར་ལས་མང་བ་ནང་སར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ནང་སར་ལས་ཞུགས་ལས་གཏོད་དང་འཚོ་བར་ཆ་རྐྱེན་བསྐྲུན་དགོས།དམངས་འཚོའི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཞི་རིམ་མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་པ་དང་། ཕན་པ་རྒྱ་ཆེན་པོའི་ངང་ཐོབ་པ། ཡུན་རིང་ལ་ཕན་པ་ཐོབ་པ་བཅས་བྱེད་དགོས། དངོས་སྒྲུབ་ངང་ཐོན་ལས་དང་ལས་ཞུགས་བོད་སྐྱོར་ལ་སྐུལ་འདེད་བཏང་ནས་ཐོན་ལས་འཆར་འགོད་དང་རྣམ་གྲངས་ལ་ཚན་རིག་དང་མཐུན་པའི་ངང་རིགས་པས་ཁུངས་སྐྱེལ་བར་ཤུགས་སྣོན་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། རྨང་གཞིའི་སྒྲིག་ཆས་ཀྱི་འདེགས་སྐྱོར་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རོགས་སྐྱོར་བྱ་ཡུལ་གྱི་སྤུས་ལེགས་ཐོན་རྫས་ལ་ཁྲོམ་ར་གསར་འབྱེད་བྱེད་པར་རོགས་སྐྱོར་བྱེད་དགོས། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་སྟབས་བསྟུན་ཅན་གྱི་ཤེས་ལྡན་པ་ནང་འདྲེན་བྱེད་སྟངས་གསར་གཏོད་བྱས་ཏེ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཕྱོགས་ཡོངས་ནས་དོ་ཁུར་དང་གཅེས་སྐྱོང་བྱེད་དགོས། ཏང་གིས་བོད་སྐྱོར་ལས་དོན་ལ་མགོ་ཁྲིད་བྱེད་པར་ཤུགས་བསྣན་ནས། རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་དང་། བྱ་བའི་འགན་འཁྲི་གཟན་ནན་དུ་གཏོང་བ། དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཞིང་ཆེན་བཞིའི་བོད་འབྲེལ་ཁུལ་དང་རྫོང་གི་ཁ་གཏད་རོགས་སྐྱོར་ལས་དོན་སྤྱི་འདོམས་ངང་ལེགས་པོར་སྒྲུབ་དགོས།

ཡིའུ་ཆོན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཁ་གཏབ་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག འབྲེལ་ཡོད་ཀྲུང་དབྱང་གི་ཁེ་ལས་དང་དངུལ་རྩའི་སྡེ་ཁག བོད་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་ཚོགས་འདུར་ཞུགས། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་དངུལ་རྩ་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས། པེ་ཅིང་གྲོང་ཁྱེར། རྒྱལ་ཁབ་གློག་དྲ་ཀུང་སིའི་འབྲེལ་ཡོད་བློ་མཐུན་གྱིས་གཏམ་བཤད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་བསྡུས་པ་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།