ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་རྟོག་ཞིབ་ཚན་ཆུང་གིས་ཚན་རྩལ་གསར་གཏོད་ཁུལ་ཁོངས་འཕེལ་རྒྱས་ཀྱི་བར་ཐག་ཇེ་ཆེར་འགྲོ་བའི་གནད་དོན་ལ་དམིགས་ནས་མཚོ་སྔོན་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར། རྒྱལ་ཡོངས་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་སུང་གིས་ཧུའུ་ནན་ཞིང་ཆེན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་གིས་གྲུབ་པའི་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། ཚན་རྩལ་གསར་གཏོད་ཁུལ་ཁོངས་འཕེལ་རྒྱས་ཀྱི་བར་ཐག་ཇེ་ཆེར་འགྲོ་བའི་གནད་དོན་ལ་དམིགས་ནས་རྟོག་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་སྔ་གཞུག་ཏུ་ཡུལ་དངོས་ནས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་གསར་གཏོད་ཞབས་ཞུ་ཚོམས་ཆེན། མཚོ་སྔོན་སློབ་ཆེན་བཅས་ལ་ལྟ་ཞིབ་བྱས་པ་དང་། རང་ཞིང་གི་ཚན་རྩལ་གསར་གཏོད་བྱ་བར་རྒྱུས་ལོན་གསལ་བོ་བྱས། ཚེས་གཉིས་ཉིན་གྱི་སྔ་དྲོར། མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ། ཞིང་ཆེན་ཚན་རྩལ་ཐིན་དང་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། མཚོ་སྔོན་སློབ་ཆེན། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ཚན་རྩལ་གསར་གཏོད་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པར་མ་ཟད། རྟོག་ཞིབ་ཚན་ཆུང་གི་ཁོངས་མི་དང་མཉམ་དུ་གྲོས་ཚོགས་ཀྱི་བརྗོད་སྙིང་ལ་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས།

དབྱང་སུང་གིས་གཏམ་བཤད་སྐབས་བཤད་རྒྱུར། ཚན་རྩལ་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པ་དང་། ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་བར་ཐག་སྔར་ལས་ཇེ་ཆེར་འགྲོ་བར་བཀག་འགོག་བྱེད་ཆེད། ང་ཚོས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་རྩ་འཛུགས་བྱས་ནས་ཚན་རྩལ་གསར་གཏོད་ཁུལ་ཁོངས་འཕེལ་རྒྱས་ཀྱི་བར་ཐག་ཇེ་ཆེར་འགྲོ་བའི་གནད་དོན་ལ་དམིགས་ནས་མཚོ་སྔོན་སོགས་ནུབ་རྒྱུད་ས་ཁུལ་དུ་ཡོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ནུབ་རྒྱུད་ཞིང་ཆེན་གྱི་བྱེད་ཐབས་དང་ཉམས་མྱོང་དང་དེའི་ཐད་གནས་པའི་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། རྟོག་ཞིབ་སྙན་ཞུ་བྲིས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ལ་གྲོས་གཞི་བཏོན། ཡུལ་དངོས་རྟོག་ཞིབ་བརྒྱུད་དེ། ང་ཚོས་མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཐོང་ཐུབ་ལ། དེའི་ཐད་ནས་གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་དང་། གྲུབ་འབྲས་བཟང་བོ་བླངས། ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་ན། ཚོང་རའི་ནུས་པར་དོ་སྣང་བྱེད་པ་མ་ཟད། སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་གི་རྐྱེན་སྲོལ་ལེགས་བསྒྱུར་བྱེད་དགོས། ནུབ་རྒྱུད་ས་ཁུལ་གྱི་སྲིད་གྲོས་ཀྱིས་ཚན་རྩལ་གསར་གཏོད་ཁུལ་ཁོངས་ཀྱི་འཕེལ་རྒྱས་གནད་དོན་ལ་རྒྱུན་མཐུད་ངང་དོ་སྣང་བྱེད་པ་དང་། སྲིད་གྲོས་ཀྱི་སྟེགས་བུ་བརྒྱུད་དེ་བློ་འདོན་ཇུས་འབུལ་བྱས་ནས། ཚན་རྩལ་གསར་གཏོད་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་རྟོག་ཞིབ་ཚན་ཆུང་ལ་རང་ཞིང་གི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་ཐེངས་གཉིས་ལ་མཚོ་སྔོན་དུ་གཟིགས་ཞིབ་མཛད་དེ། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་འཆར་གཞི་བཀོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་གྱིས་ཚན་རྩལ་གསར་གཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་གཏོད་ཁོར་ཡུག་རྒྱུན་མ་ཆད་པར་ཇེ་ལེགས་སུ་གཏོང་བ་དང་ཚན་རྩལ་གནད་འགག་ལག་རྩལ་འགག་རྒོལ་དང་ཚན་རྩལ་གྲུབ་འབྲས་བསྒྱུར་བར་ཤུགས་སྣོན་པ། ཁུལ་ཁོངས་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པ། གསར་གཏོད་གཙོ་གཞི་སྐྱེད་སྲིང་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། ཡིན་ན་ཡང་ཤར་དབུས་རྒྱུད་ས་ཁུལ་དང་བསྡུར་ན་ད་དུང་བར་ཐག་ཡོད་པས། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཚན་རྩལ་གསར་གཏོད་ཁུལ་ཁོངས་མཐུན་སྦྱོར་ངང་་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་འགན་འཁྲི་ལས་འགན་ཕྲག་ཏུ་ལེན་པ་དང་། ཚན་རྩལ་གསར་གཏོད་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་རྟོག་ཞིབ་གྲོས་མོལ་བྱས་ཏེ། ཐུན་མོང་གི་ལྟ་བ་དང་སྟོབས་ཤུགས་སྔར་ལས་གཅིག་ཏུ་བསྡུ་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།