ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་འགྲིམ་འགྲུལ་ཐད་མ་དངུལ་བཏང་ཚད་སྒོར་དུང་ཕྱུར་ཁྲི1.6ལྷག་ཟིན་ནས་དུས་མཉམ་ལས6.7%འཕར་བ་དང་ཚད་གཞི་མཐོན་པོའི་ངང་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི1.6ལས་བརྒལ་ནས་དུས་མཉམ་ལས6.7%འཕར་བ་དང་། མུ་མཐུད་ཚད་གཞི་མཐོན་པོའི་ངང་འཁོར་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཡོད།

གཞུང་ལམ་འཛུགས་སྐྲུན་གྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ལོ་སྟོད་དུ་རང་རྒྱལ་གྱི་གསར་དུ་ལས་མགོ་ཚུགས་པའི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ། ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མའི་རྣམ་གྲངས170དང་སྤྱི་ལེ4800ལ་སྤྱིའི་མ་འཇོག་སྒོར་དུང་ཕྱུར2910ཟིན་ཡོད་པ་རེད། ཟླ6པའི་ཟླ་མཇུག་བར་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་གསར་སྐྲུན་རྒྱས་སྐྲུན་ལས་གཞིའི་ལས་སྐྲུན་གཞི་ཁྱོན་སྤྱི་ལེ་ཁྲི8.7ཟིན་པ་དང་། སྐྲུན་བཞིན་པའི་རྣམ་གྲངས2000ལས་བརྒལ་ནས་སྤྱིའི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7.3ཟིན་ཡོད།

ཆུ་ཐོག་སྐྱེལ་འདྲེན་གྱི་ལས་གྲྭ་ཆེ་གྲས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ལོ་སྟོད་དུ་སུའུ་ཀྲོའུ་གྲུ་ཁའི་ཐའེ་ཚང་གྲུ་ཁའི་དུས་ཐེངས་བཞི་པའི་ལས་གཞི་དང་ཆན་ཀྲོའུ་གྲུ་ཁའི་ཏ་ལན་ཕིང་ལྷོ་ཕྱོགས་ལས་སྒྲུབ་ཁུལ་གྱི་ཨང7པ་དང་8པའི་རང་འགུལ་ཅན་གྱི་གྲུ་ཁའི་སྒྱུར་བཀོད་ལས་གྲྭ་སོགས་བསྐྲུན་ནས་སྤྱོད་མགོ་ཚུགས་ཡོད། འབྲི་ཆུའི་མ་ལམ་ཁྲའོ་ཐེན་མོན་ནས་ཕུའུ་ལིང་ཆུ་བོའི་དུམ་མཚམས་ཀྱི་ཆུ་ལམ་བཅོས་སྒྲིག་ལས་གཞི་དང་། གཙང་བོ་ཧོའེ་ཨན་དུ་འདྲེན་པའི་ཆུ་ཐོག་སྐྱེལ་འདྲེན་ལས་གཞི། ཞིས་ཅང་ཀུའེ་གྲུ་ཁ་ནས་ཝུའུ་ཀྲོའུ་བར་གྱི་ཏུན3000རིམ་པའི་ཆུ་ལམ་དུས་ཐེངས་གཉིས་པའི་ལས་གཞི་སོགས་མགྱོགས་མྱུར་སྒོས་ལག་བསྟར་བྱེད་བཞིན་ཡོད།

ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་ཐད་ནས། ཧུའུ་ནན་ཁྲང་ཧྲ་ཧོང་ཧྭ་གནམ་ཐང་གི་ཕྱོགས་བསྡུས་འགྲུལ་སྐྱེལ་ལྟེ་གནས་ཀྱི་ལས་གཞིའི་འཕེལ་རིམ30%ལྷག་ཟིན་པ་དང་། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གཙོ་གནད་འགྲིམ་འགྲུལ་ཆ་སྡེབ་ལས་གཞིའི་ཧང་ཀྲོའུ་ནུབ་རྒྱུད་ཀྱི་ཕྱོགས་བསྡུས་འགྲུལ་སྐྱེལ་ལྟེ་གནས་རྩ་བའི་ཆ་ནས་བསྐྲུན་ཟིན་པ་དང་། ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁ་དང་ཧའེ་ཁོའུ་རྒྱ་མཚོའི་གྲུ་ཁ་གསར་པའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཀྱི་ལས་གྲྭའི་འཕེལ་རིམ75%ལས་བརྒལ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།