ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་པའི་དམིགས་བསལ་གླེང་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིང་དུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་པའི་བརྙན་ལམ་དམིགས་བསལ་གླེང་མོལ་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ་ཏེ། ཁེ་ལས་པའི་འཐུས་མིའི་དྲི་བར་ལན་བཏབ། རྒྱལ་ཁབ་ལྔ་བཅུ་ལྷག་ནས་ཡོང་བའི་ཁེ་ལས་པ་བཞི་བརྒྱ་ཐེངས་འདིའི་དམིགས་བསལ་གླེང་མོལ་ཚོགས་འདུར་ཞུགས།

ལིས་ཁི་ཆང་གིས་དེང་སྐབས་རྒྱལ་སྤྱིའི་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུའི་སྟེང་གསུང་བཤད་གནང་སྐབས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།  ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་སོ་སོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། འབྲུ་རིགས་ནུས་ཁུངས་ཀྱི་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བདེ་འཇགས་ངང་གེགས་མེད་ཡོང་བར་སྲུང་སྐྱོབ་བཅས་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ད་ལོའི་དུས་ཚིགས་གཉིས་པར། སྐབས་གསར་པའི་རིམས་ནད་སོགས་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་བརྡབ་གསིག་ཐེབས་པའི་དབང་གིས། ཀྲུང་གོའི་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་གློ་བུར་ཆེ་རུ་ཕྱིན། ང་ཚོས་འཕར་སྣོན་བརྟན་པོ་ཡོང་བར་བྱ་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། དམིགས་བསལ་གྱི་དོན་དག་རྒྱུན་འཁྱོངས་དང་སྔར་གཏན་འཁེལ་བྱས་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་བར་བརྟེན། དུས་ཚིགས་གཉིས་པར་དཔལ་འབྱོར་འཕར་སྣོན་འབྱུང་བཞིན་ཡོད། དུས་མཚུངས་སུ། དཔལ་འབྱོར་སླར་གསོའི་རྨང་གཞི་དེ་ཙམ་བརྟན་པོ་མེད་པས། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་ཕྱོགས་སུ་སྔར་བཞིན་དཀའ་སྤྱད་འབད་བརྩོན་བྱེད་དགོས། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ནས། དཔལ་འབྱོར་འཁོར་སྐྱོད་གང་མགྱོགས་ངང་རྒྱུན་གཏན་གྱི་འཁོར་ལམ་སྟེང་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོར་ཁྲོམ་ར་གཙོ་བོའི་ཁྱིམ་ཚང་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ཡོད་ཅིང་། མི་དམངས་ལས་ལ་བརྩོན་ཞིང་བློ་རིག་ལྡན་པ་དེ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུག་ཤུགས་ཆེ་ཤོས་ཡིན། དཔལ་འབྱོར་བརྟན་པོའི་ངང་འཕར་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པར་ད་དུང་ཕན་ནུས་འདོན་སྤེལ་གྱི་བར་སྟོང་ཧ་ཅང་ཆེན་པོ་ཡོད། ང་ཚོས་སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་དམིགས་འབེན་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། གནད་འཁེལ་ནུས་ལྡན་ཡིན་ལ་ལུགས་དང་མཐུན་ཞིང་ཚད་རན་པར་བྱེད་པ་ལས། ཚད་མཐོའི་འཕར་སྣོན་གྱི་དམིགས་འབེན་གྱི་ཆེད་དུ་ཚད་བརྒལ་གཞི་ཁྱོན་ཆེ་བའི་སྐུལ་སྤེལ་བྱེད་ཐབས་སྤྱོད་པ་དང་། ཚད་བརྒལ་དངུལ་ལོར་གཏོང་བ། མ་འོངས་སྔོན་གཏོང་བཅས་ཀྱི་བྱེད་ཕྱོགས་སྤྱོད་རྒྱུ་མིན་པར།  དངོས་ཐོག་བདེན་འཚོལ་དང་གང་ཐུབ་ཅི་ཐུབ་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཅུང་ལེགས་པའི་ཆུ་ཚད་དུ་སླེབས་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།

ལིས་ཁི་ཆང་གིས་ཀྲུང་གོ་འཕེལ་རྒྱས་གཏོང་རྒྱུ་དེ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་འཕེལ་རྒྱས་གཏོང་རྒྱུར་ཡང་ཀྲུང་གོ་མཁོ།  ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་བསྐྲུན་རྒྱུ་ཡིན། རྒྱལ་སྤྱིའི་སྟེང་གི་ནད་ཡམས་འགོག་པའི་མཉམ་ལས་ལ་ཤུགས་བསྣན་ནས། ནད་ཡམས་འགོག་སྡོམ་ལ་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། སྔར་ལས་གནད་དུ་འཁེལ་ཞིང་ཚན་རིག་དང་མཐུན་པའི་འགོག་སྡོམ་བྱེད་ཐབས་སྤྱོད་རྒྱུ་དང་། འགོག་སྡོམ་གྱི་སྲིད་ཇུས་མུ་མཐུད་ཇེ་ལེགས་སུ་གཏོང་བ། རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་སྔར་ལས་གོ་རིམ་ལྡན་པའི་ངང་སླར་གསོ་དང་ཇེ་མང་དུ་གཏོང་བ། རྒྱལ་མཚམས་བརྒལ་ནས་ཚོང་གཉེར་དང་རྒྱལ་མཚམས་བརྒལ་ནས་ལས་གཉེར་བྱེད་པའི་བྱེད་སྒོར་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་དང་ཕྱི་ཕྱོགས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།