ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འོད་མདངས་བཀྲ་བའི་སོ་ནམ་དཔལ་ཡོན་བསྐྲུན་ཡོད་པས། ཞིང་ལས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འཛམ་གླིང་ཡོངས་ཀྱི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་གྲོས་གཞིར་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཏེ། སྔོག་འདོན་ཁྲོད་སྲུང་སྐྱོང་དང་བེད་སྤྱོད་ཁྲོད་རྒྱུན་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཞིང་ལས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལག་བསྟར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཞིང་ལས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་མཉམ་དུ་ཤུགས་བསྣན་ནས། དེའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། སྐྱེ་ཁམས། ཚན་རྩལ་སོགས་ཐད་ཀྱི་རིན་ཐང་སྔར་ལས་སྔོག་འདོན་བྱས་པ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་རམ་འདེགས་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཉིན་དེར་འཛམ་གླིང་ཡོངས་ཀྱི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་ཚོགས་ཆེན་དེ་ཀྲེ་ཅང་ཞིང་ཆེན་ཆིང་ཐེན་རྫོང་དུ་མགོ་ཚུགས་ཤིང་། བརྗོད་དོན་གཙོ་བོ་ནི“ཐུན་མོང་གི་ཞིང་ལས་ཤུལ་བཞག་ལ་སྲུང་སྐྱོང་བྱས་ནས་ཕྱོགས་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། ཞིང་ལས་གྲོང་གསེབ་པུའུ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་བསྡུས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།