ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་ཚད80.72%ཟིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྐད་ཡིག་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་སྟེ། རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་གདལ་གཏོང་ཚད70%ནས80.72%བར་འཕར་བ་དང་། ཡི་གེ་ཤེས་མཁན་མི་འབོར་གྱིས་ཚད་ལྡན་རྒྱ་ཡིག་སྤྱོད་པའི་བསྡུར་ཚད95%ལྷག་ཟིན་ཞིང་། ཡིག་རྨོངས་པ2.67%ཆག་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་སྐད་ཁྱབ་གདལ་གྱིས་དབུལ་ཐར་འགག་སྒྲོལ་ལ་རོགས་འདེགས་བྱེད་པའི་བྱ་སྤྱོད་འཆར་གཞི་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་འགག་སྒྲོལ་བཟོ་འགོད་ལག་ལེན་གཏིང་ཟབ་བྱས་པ་དེས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རྒྱལ་ཁ་ཕུ་ཐག་ལེན་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལོ་བཅུའི་རིང་དགེ་རྒན་དང་། གཞོན་ནུ་དང་དར་མའི་ངལ་རྩོལ་ནུས་ཤུགས། གཞི་རིམ་གྱི་ལས་བྱེད་པ། སྐད་ཡིག་ལས་དོན་པ་སོགས་གཙོ་གནད་མི་ཚོགས་ལ་ཕྱོགས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱེད་ཚད་མི་ཐེངས་ཁྲི་ཆིག་སྟོང་ལྷག་ཟིན་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཚོགས་པ986གི་སློབ་ཆེན་སློབ་མ་ཁྲི1.1ལྷག་ལ་ཆེད་དམིགས་རྒྱབ་སྐྱོར་བྱས་ཏེ། མཐོ་རིམ་སློབ་གྲྭའི་སློབ་ཆེན་སློབ་མ་ཁྲི་བཅུ་ལྷག་དབུས་ནུབ་རྒྱུད་ཀྱི་སྤྱི་སྐད་ཁྱབ་གདལ་འཐབ་ས་དང་པོར་བསྐྱོད་ནས། སྤྱི་སྐད་ཁྱབ་གདལ་གཏོང་བའི་དང་བླངས་ཞབས་ཞུ་བྱེད་པར་སྐུལ་ཁྲིད་བྱས་ཡོད།

གཞན་ཡང་། “གནའ་བོའི་ཡི་གེ་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཟོ་འགོད”དང་།“ཀྲུང་ཧྭའི་གསུང་རབ་གྱེར་འདོན་བཟོ་འགོད”། “ཀྲུང་ཧྭའི་བསམ་བློ་རིག་གནས་ཀྱི་ཐ་སྙད་བརྒྱུད་བསྒྲགས་བཟོ་འགོད”། “ཀྲུང་གོའི་སྐད་ཡིག་ཐོན་ཁུངས་སྲུང་སྐྱོང་བཟོ་འགོད”སོགས་ལག་བསྟར་བྱས་ཏེ། རིག་གནས་རྒྱུན་འཛིན་ཁྲོད་སྐད་ཡིག་གི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། 2021ལོའི་ལོ་མཇུག་བར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། འཛམ་གླིང་ཡུལ་སྐོར་རྩ་འཛུགས་སོགས་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་ཆེད་དོན་ལས་ཁུངས10ཡིས་རྒྱ་ཡིག་དེ་གཞུང་ཕྱོགས་ཀྱི་སྐད་ཡིག་དུ་བརྩིས་པ་དང་། རྒྱལ་ཁབ་དང་ས་ཁུལ180ལྷག་དུ་རྒྱ་ཡིག་སློབ་གསོ་སྤེལ་ཞིང་། རྒྱལ་ཁབ76གིས་རྒྱ་ཡིག་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ཡོད། ཕྱི་རྒྱལ་དུ་རྒྱ་ཡིག་སྦྱོང་བཞིན་པའི་མི་གྲངས་ཁྲི2500ལྷག་ལས་བརྒལ་བ་དང་། རིམ་རྩིས་བརྒྱབ་ན་རྒྱ་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་མཁན་མི་གྲངས་དུང་ཕྱུར2ཙམ་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།