ཀྲུང་གོ་བོད་ཀྱི་དྲ་བ།

གཞི་གྲངས་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་གྱིས་འཛུགས་པ་དང་། སྲིད་འཛིན་ས་ཁུལ་དབྱེ་འབྱེད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་འཚོགས་སྐབས་ནན་གྱིས་བསྟན་དོན།

གཞི་གྲངས་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་གྱིས་འཛུགས་པ་དང་། སྲིད་འཛིན་ས་ཁུལ་དབྱེ་འབྱེད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཟླ6པའི་ཚེས22ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་འཚོགས་པ་དང་། 《གཞི་གྲངས་རྨང་གཞིའི་ལམ་ལུགས་བཙུགས་ནས་གཞི་གྲངས་ཀྱི་གཞི་རྒྱུའི་ནུས་པ་སྔར་བས་འདོན་སྤེལ་ལེགས་པོ་བྱེད་པའི་སྐོར་གྱི་བསམ་འཆར》དང《སྲིད་འཛིན་ས་ཁུལ་དབྱེ་འབྱེད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་བསམ་འཆར》《ཚན་རྩལ་འཇོན་མིར་གདེང་འཇོག་དང་བཅོས་བསྒྱུར་བྱེད་ས་སྤེལ་བའི་སྐོར་གྱི་བྱ་བའི་ཇུས་གཞི》《གཏོང་སྤྲོད་སྟེགས་བུ་ཆེན་མོའི་ཁེ་ལས་ལྟ་ཞིབ་དོ་དམ་ལ་ཤུགས་བསྣན་ནས་གཏོང་སྤྲོད་དང་དངུལ་རྩའི་ཚན་རྩལ་ཚད་གཞི་སྐྱོན་བྲལ་ངང་འཕེལ་བར་སྐུལ་སྤེལ་བྱེད་པའི་སྐོར་གྱི་བྱ་བའི་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། གཞི་གྲངས་རྨང་གཞིའི་ལམ་ལུགས་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་སྤྱི་ཡོངས་དང་འབྲེལ་བས། རྒྱལ་ཁབ་ཀྱི་གཞི་གྲངས་བདེ་འཇགས་སྲུང་སྐྱོང་དང་། མི་སྒེར་གྱི་ཆ་འཕྲིན་དང་ཚོང་ལས་ཀྱི་གསང་བར་སྲུང་སྐྱོབ་བྱས་ནས། གཞི་གྲངས་ཕན་ཕྱོད་ཆེན་པོས་འཁོར་རྒྱུག་དང་བཀོལ་སྤྱོད་བྱེད་པ་དང་དངོས་གཞིའི་དཔལ་འབྱོར་ནུས་པ་སྩོལ་བར་སྐུལ་སྤེལ་བྱེད་པ་དང་། གཞི་གྲངས་ཐོན་དབང་དང་འཁོར་རྒྱུག་ཉོ་ཚོང་། ཡོང་འབབ་བགོ་བཤའ། བདེ་འཇགས་བཅོས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱས་ནས། གཞི་གྲངས་རྨང་གཞིའི་ལམ་ལུགས་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས། ཏང་ཀྲུང་དབྱང་གིས་སྲིད་འཛིན་ས་ཁུལ་དབྱེ་འབྱེད་བྱ་བའི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་ཤུགས་བསྣན་ནས། གཅིག་གྱུར་འཆར་འགོད་ལེགས་པོར་བྱས་ཐོག མུན་འཐོམས་དང་གོ་རིམ་མེད་པ་ཞིག་ཏུ་འགྱུར་བར་གཡོལ་དགོས། ཚན་རྩལ་གསར་སྐྲུན་གྱི་ཆོས་ཉིད་དང་འཇོན་མི་འཚར་ལོངས་འབྱུང་བའི་ཆོས་ཉིད་གཞིར་བཟུང་ནས། ཚན་རྩལ་འཇོན་མིའི་གསར་སྐྲུན་གསོན་ཤུགས་ལ་སྐུལ་སློང་བྱེད་པ་དམིགས་ཡུལ་དུ་བྱས་ནས། གསར་སྐྲུན་བྱ་འགུལ་གྱི་རིགས་སྣ་ལྟར། གསར་སྐྲུན་གྱི་རིན་ཐང་དང་ནུས་པ། བྱས་རྗེས་བཅས་སྟོན་ཕྱོགས་སུ་བྱེད་པའི་ཚན་རྩལ་འཇོན་མིའི་གདེང་འཇོག་མ་ལག་འཛུགས་སྐྲུན་བྱས་ནས། རང་ནུས་གང་ཡོད་འདོན་པ་དང་ཡོན་ཏན་ཅི་ཡོད་སྤྱོད་པ། སྤྱད་པར་གྲུབ་འབྲས་ཡོད་པར་སྣེ་འཁྲིད་དགོས། གཏོང་སྤྲོད་ཆེན་མོ་དང་དངུལ་རྩའི་ཚན་རྩལ་སྟེགས་བུའི་ཁེ་ལས་འབྱུང་གཞི་རུ་ཕྱིར་ལོག་པར་སྐུལ་འདེད་གཏོང་དགོས་ཤིང་། ལྟ་ཞིབ་དོ་དམ་སྒྲིག་ལམ་འཐུས་ཚང་དང་། ལམ་ལུགས་ཀྱི་མི་འདང་སར་ཁ་གསབ་བྱས་ནས། གཏོང་སྤྲོད་དང་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་དང་བདེ་འཇགས་འགན་སྲུང་བྱེད་པ་དང་། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དོགས་ཟོན་དང་སེལ་བར་བྱས་ནས། སྟེགས་བུའི་ཁེ་ལས་ཀྱིས་དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་རྒྱལ་སྤྱི་དང་རྒྱལ་ནང་དུ་ཕན་ཚུན་འཁོར་རྒྱུག་ཡོང་བ་སོགས་ཀྱི་ཕྱོགས་སུ་སྔར་ལས་ཆེ་བའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ཀྱིས་བསྟན་དོན། གཞི་གྲངས་ནི་ཐོན་སྐྱེད་ཀྱི་གཞི་རྒྱུ་གསར་པ་ཞིག་ཡིན་པའི་ཆ་ནས། དེ་ནི་གྲངས་ཀ་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་རྨང་གཞི་ཡིན་ཞིང་། ཐོན་སྐྱེད་དང་བགོ་བཤའ། འཁོར་རྒྱུག འཛད་སྤྱོད་དང་སྤྱི་ཚོགས་ཞབས་ཞུ་དོ་དམ་སོགས་གནད་འགག་སོ་སོར་མགྱོགས་མྱུར་གྱིས་འདྲེས་ནས། ཐོན་སྐྱེད་བྱེད་ཐབས་དང་འཚོ་བ་རོལ་སྟངས། སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་བཅས་ལ་བཅོས་བསྒྱུར་གཏིང་ཟབ་གཏོང་བཞིན་ཡོད། རང་རྒྱལ་ལ་གཞི་གྲངས་རྒྱ་ཁྱོན་དང་གཞི་གྲངས་ཉེར་སྤྱོད་ཀྱི་ལེགས་ཆ་ལྡན་པས། ང་ཚོས་གཞི་གྲངས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་འདོན་པར་སྐུལ་འདེད་བཏང་སྟེ། གཞི་གྲངས་ཀྱི་གཞི་རྒྱུ་ཁྲོམ་ར་ཅན་དུ་འགྱུར་བར་ཧུར་ཐག་གིས་འཚོལ་ཞིབ་དང་སྐུལ་སྤེལ་བྱས་ནས། གཞི་གྲངས་ནི་གཞི་རྒྱུ་གལ་ཆེན་ཡིན་པའི་གྲངས་ཀའི་དཔལ་འབྱོར་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་པས། ཡར་རྒྱས་ཆེན་པོ་བྱུང་ཡོད། གཞི་གྲངས་ཐོན་དབང་ལམ་ལུགས་བཙུགས་ཏེ། སྤྱི་པའི་གཞི་གྲངས་དང་ཁེ་ལས་ཀྱི་གཞི་གྲངས། མི་སྒེར་གྱི་གཞི་གྲངས་བཅས་ཀྱི་རིགས་དང་རིམ་པ་བགོ་བ་དང་དབང་ཆ་གཏན་འཁེལ་དང་དབང་ཆ་གནང་བ། བཀོལ་སྤྱོད་བཅས་བྱེད་པར་སྐུལ་སྤེལ་བྱེད་པ་དང་། གཞི་གྲངས་ཐོན་ཁུངས་ཀྱི་བདག་འཛིན་དབང་ཆ་དང་གཞི་གྲངས་ལས་སྣོན་གྱི་བཀོལ་སྤྱོད་དབང་ཆ། གཞི་གྲངས་ཐོན་རྫས་ཀྱི་བདག་གཉེར་དབང་ཆ་སོགས་སོ་སོར་བཀོད་སྒྲིག་བྱེད་པའི་ཐོན་དབང་འཁོར་སྐྱོད་སྒྲིག་སྲོལ་བཙུགས་ནས། གཞི་གྲངས་ཀྱི་གཞི་རྒྱུའི་ཁེ་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྒྲིག་མཐུན་ཕྱོད་མཐོའི་གཞི་གྲངས་ཀྱི་གཞི་རྒྱུའི་འཁོར་རྒྱུག་དང་ཚོང་ལས་ལམ་ལུགས་འཛུགས་པ་དང་། གཞི་གྲངས་ཀྱི་གོ་རིམ་ཡོངས་སྒྲིག་ལམ་དང་མཐུན་ཞིང་ལྟ་ཞིབ་དོ་དམ་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས། ཚད་ལྡན་གྱི་གཞི་གྲངས་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་དགོས། གཞི་གྲངས་ཀྱི་གཞི་རྒྱུའི་ཁྲོམ་ར་ཅན་དུ་འགྱུར་བའི་སྒྲིག་བཀོད་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་གིས་གཞི་གྲངས་གཞི་རྒྱུའི་ཡོང་འབབ་བགོ་བཤའི་ཁྲོད་ཐོན་པའི་ཁྲིད་སྟོན་དང་སྙོམ་སྒྲིག་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས་ནས། ལས་ཆོད་ལྡན་པ་དང་དྲང་བདེན་ལ་སྐུལ་སྤེལ་བྱེད་པའི་གཞི་གྲངས་གཞི་རྒྱུའི་ཡོང་འབབ་བགོ་བཤའ་ལམ་ལུགས་འཛུགས་དགོས། བདེ་འཇགས་དེ་གཞི་གྲངས་བཅོས་སྐྱོང་གི་བརྒྱུད་རིམ་ཡོངས་སུ་ཁྱབ་ཏུ་འཇུག་པ་དང་། བདེ་འཇགས་ཀྱི་ཚད་མཐའ་སྲུང་བ། ལྟ་ཞིབ་དོ་དམ་གྱི་དམར་ཐིག་གསལ་བོ་བཅས་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བསྟར་དང་ཁྲིམས་འཛིན་ལ་ཤུགས་བརྒྱབ་ནས། ངེས་པར་དུ་དོ་དམ་བྱེད་དགོས་པ་དེ་མཐའ་གཅིག་ཏུ་དོ་དམ་ལེགས་པོ་བྱེད་དགོས། སྲིད་གཞུང་དང་ཁེ་ལས། སྤྱི་ཚོགས་བཅས་ཕྱོགས་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་འཛུགས་སྐྲུན་བྱས་ནས། ལས་རིགས་བགོས་ནས་ལྟ་ཞིབ་དོ་དམ་དང་ལས་རིགས་བརྒལ་ནས་མཉམ་དུ་ལྟ་ཞིབ་དོ་དམ་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། ཁེ་ལས་དང་གཞི་གྲངས་ཀྱི་བདེ་འཇགས་འགན་འཁྲི་དངོས་གནོན་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རྒྱལ་ཡོངས་སྲིད་འཛིན་ས་ཁུལ་གྱི་དབྱེ་འབྱེད་སྒྲིག་བཀོད་དང་ལེགས་སྒྲིག་བྱ་བ་སྤྱིའི་ཆ་ནས་བརྟན་བརླིང་གཟབ་ནན་དང་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱས་ཡོད། ཏང་ཀྲུང་དབྱང་གིས་སྲིད་འཛིན་ས་ཁུལ་གྱི་དབྱེ་འབྱེད་བྱ་བའི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་ཤུགས་རྒྱག་དགོས་པ་དང་། སྲིད་འཛིན་ས་ཁུལ་དབྱེ་འབྱེད་ཀྱི་བཅོས་བསྒྱུར་ཆེན་པོ་དང་སྲིད་ཇུས་ཆེན་པོ། ལེགས་སྒྲིག་གལ་ཆེན་བཅས་ནི་ཏང་ཀྲུང་དབྱང་གིས་ཞིབ་འཇུག་དང་ཇུས་ཐག་གཅོད་དགོས། འཐབ་ཇུས་རང་བཞིན་དང་མ་ལག་རང་བཞིན། སྔོན་མཐོང་རང་བཞིན་བཅས་ཀྱི་ཞིབ་འཇུག་ལ་ཤུགས་རྒྱག་དགོས་ཤིང་། གཏན་འབེབས་བྱེད་འཆར་ཡོད་པའི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་ཀྱི་སྤྱིའི་འཆར་འགོད་ཀྱི་རིགས་ལམ་རྩ་འཛུགས་དང་ཞིབ་འཇུག་བྱེད་པ་དང་། སྲིད་འཛིན་ས་ཁུལ་དབྱེ་འབྱེད་སྒྲིག་བཀོད་ཀྱི་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན། ནུས་ལྡན་རང་བཞིན་བཅས་མཐོར་འདེགས་བཏང་ནས། སྲིད་འཛིན་ས་ཁུལ་དབྱེ་འབྱེད་ཀྱི་སྒྲིག་བཀོད་དང་ལེགས་སྒྲིག་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྲུན་བཅས་དང་ཕན་ཚུན་མཐུན་པོ་ཡོང་བར་འགན་སྲུང་བྱེད་དགོས། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་པ་དང་། རང་རྒྱལ་གྱི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་སྒྲིག་བཀོད་ལོ་རྒྱུས་དང་ཉམས་མྱོང་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས། སྲིད་འཛིན་ས་ཁུལ་དབྱེ་འབྱེད་བྱས་ནས་མིང་བརྗེ་བར་བརྟན་བརླིང་གཟབ་ནན་གྱི་སྤྱོད་ཚུལ་འཛིན་དགོས་པ་ལས། ས་མིང་རྙིང་བའི་མིང་གང་འདོད་དུ་བརྗེ་མི་རུང་། སྲིད་འཛིན་ས་ཁུལ་དབྱེ་འབྱེད་ཀྱི་སྤྱིའི་བརྟན་བརླིང་སྲུང་འཛིན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཅིས་ཀྱང་བརྗེ་དགོས་པ་མེད་ན་མི་བརྗེ་བ་དང་གདེང་ཚོད་མེད་ན་རང་སོར་འཇོག་པ། དུས་སྐབས་དང་ཆ་རྐྱེན་མི་འཛོམས་ན་མི་བརྗེ་བར་འཇོག་དགོས། སྲིད་འཛིན་ས་ཁུལ་དབྱེ་འབྱེད་ཀྱི་ལེགས་སྒྲིག་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། སྲིད་འཛིན་ས་ཁུལ་དབྱེ་འབྱེད་དེ་འབྲེལ་ཡོད་སྲིད་ཇུས་དང་འཆར་གཞི། ཚད་གཞི་བཅས་དང་མཉམ་དུ་འབྲེལ་མཐུད་ཡོང་བར་ཤུགས་བསྣན་ནས། ཁྲིམས་ལྟར་སྲིད་འཛིན་ས་ཁུལ་དབྱེ་འབྱེད་དོ་དམ་ལ་ཤུགས་རྒྱག་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཚན་རྩལ་འཇོན་མིར་གདེང་འཇོག་དང་བཅོས་བསྒྱུར་བྱེད་པའི་ཚོད་ལྟ་སྤེལ་ན། སྤྱོད་ཡོན་གཉིས་ལྡན་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་འགག་སྒྲོལ་འགན་འཁྲི་ཆེན་མོ་འཁུར་བ་ལས་གཞན་ད་དུང་རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག ལག་རྩལ་གསར་འབྱེད། སྤྱི་ཚོགས་སྤྱི་ཕན་ཞིབ་འཇུག་སོགས་རིགས་བགར་ནས་འཇོན་མིར་གདེང་འཇོག་བྱེད་པ་དང་། ཚན་ཞིབ་བྱ་འགུལ་གྱི་ཁྱད་ཆོས་དང་མཐུན་པའི་གདེང་འཇོག་དམིགས་ཚད་དང་གསར་སྐྲུན་གདེང་འཇོག་བྱེད་ཐབས། མི་བཀོལ་ལས་ཁུངས་ཀྱི་ནང་ཁུལ་ལམ་ལུགས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཕྱོགས་སུ་ཚོད་ལྟ་བྱེད་པའི་འགན་འཁྲི་བཏོན་ནས། བཀོལ་སྤྱོད་བྱེད་ཆོག་ཅིང་འདྲ་བཤུས་བརྒྱབ་ཆོག་ལ། རྒྱ་ཁྱབ་ཏུ་སྤེལ་ཆོག་པའི་ནུས་ལྡན་གྱི་བྱེད་ཐབས་ཆགས་སུ་འཇུག་དགོས། འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱིས་ཚོད་ལྟ་བྱེད་པའི་ལས་ཁུངས་ཀྱི་མཛུབ་སྟོན་ལ་ཤུགས་བརྒྱབ་ནས། ཚོད་ལྟ་བྱེད་པའི་བྱ་བ་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་དང་སྒྲིག་སྲོལ་ལྟར་སྟེགས་བུའི་ཁེ་ལས་ཀྱི་གཏོང་སྤྲོད་དང་དངུལ་རྩའི་བྱ་འགུལ་གཞན་དག་ཡོད་ཚད་ལྟ་ཞིབ་དོ་དམ་གྱི་ཁོངས་སུ་བརྩི་དགོས་ཤིང་། དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པ་གཞི་རྩ་རུ་བྱས་ནས། དངུལ་རྩའི་ལས་སྒོས་འཛིན་རྟགས་བཟུང་ནས་ལས་གཉེར་བྱེད་པ་རྒྱུན་འཁྱོངས་དང་། གཏོང་སྤྲོད་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་ཉེན་ཁ་སྔོན་འགོག་མ་ལག་འཐུས་ཚང་དུ་བཏང་སྟེ། དོན་དག་གི་མགོ་མཇུག་བར་གསུམ་གྱི་སྦྲེལ་ཐག་ཡོངས་དང་ཁྱབ་ཁོངས་ཡོངས་ཀྱི་ལྟ་ཞིབ་དོ་དམ་ཇེ་དྲག་ཏུ་གཏོང་དགོས། དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སིའི་ལྟ་ཞིབ་དོ་དམ་དང་སྟེགས་བུའི་ཁེ་ལས་མ་རྐང་ཚོད་འཛིན་དུ་ཞུགས་པའི་དངུལ་རྩའི་ལས་ཁུངས་ཀྱི་ལྟ་ཞིབ་དོ་དམ་ཇེ་དྲག་ཏུ་གཏོང་དགོས་ལ། སྦྲེལ་དྲར་དངུལ་བཅོལ་བ་དང་དངུལ་སྐྱི་བ། ཉེན་སྲུང་། འཛིན་ཡིག ཐེབས་རྩ་སོགས་ཀྱི་ལས་སྒོའི་ལྟ་ཞིབ་དོ་དམ་ཇེ་དྲག་ཏུ་གཏོང་དགོས། དངུལ་རྩ་འཛད་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས་ཤིང་། སྟེགས་བུའི་ཁེ་ལས་ཀྱི་སྒེར་སྡེམ་ལ་རྒོལ་བ་དང་ལུགས་མཐུན་མིན་པའི་འགྲན་རྩོད་ལ་རྒོལ་བའི་ལྟ་ཞིབ་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། སྟེགས་བུའི་ཁེ་ལས་ཀྱི་གཏིང་སྙིགས་གཞི་གྲངས་ལ་ལྟ་ཞིབ་དོ་དམ་བྱེད་པར་ཤུགས་བརྒྱབ་ནས། གཞི་གྲངས་ཆེན་མོར་བརྟེན་ནས་འཛད་སྤྱོད་པར་གཡོ་སླུ་དང་བརྩི་སྟངས་མཐོང་ཆུང་བྱེད་པའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་ལུགས་འཛུགས་དགོས། འབྲེལ་ཡོད་སྡེ་ཁག་སོ་སོའི་ལྟ་ཞིབ་དོ་དམ་འགན་འཁྲི་དངོས་གནོན་བྱེད་དགོས་པ་དང་། ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་དུ་ལྟ་ཞིབ་དོ་དམ་བྱེད་པའི་གནས་བབ་འཐུས་ཚང་དུ་བཏང་སྟེ། བྱེད་ནུས་ལྟ་ཞིབ་དོ་དམ་དང་བརྟོལ་བའི་རྣམ་པའི་ལྟ་ཞིབ་དོ་དམ། རྒྱུན་མཐུད་ལྟ་ཞིབ་དོ་དམ་བཅས་ལ་ཤུགས་རྒྱག་པ་དང་། ལྟ་ཞིབ་དོ་དམ་མཐུན་སྦྱོར་དང་མཉམ་འབྲེལ་གྱིས་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། དྲ་ཐོག་དང་ཡུལ་དངོས་ཀྱི་ལྟ་ཞིབ་དོ་དམ་གཅིག་གྱུར་ཡོང་བ་སྲུང་འཛིན་བྱེད་པ་དང་། ཁྲིམས་འགལ་གྱི་དངུལ་རྩའི་བྱ་འགུལ་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས།

ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།