ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་མི་གྲངས་ཁྲི9671.2ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རྩ་འཛུགས་པུའི་ཏང་ནང་ཁུལ་གྱི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལྟར་ན། 2021ལོའི་ལོ་མཇུག་བར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་འབོར་ཁྲི9671.2ལ་སླེབས་པ་དེ་ལོ་གོང་མ་ལས་མི་གྲངས་ཁྲི343.4འཕར་ཡོད། ཏང་གི་གཞི་རིམ་རྩ་འཛུགས་ཁྲི493.6ཡོད་པ་དེ་ལོ་གོང་མ་ལས་ཁྲི11.7འཕར་ཡོད། ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་ལེགས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ཏེ། རྒྱུན་ཆད་མེད་པར་ཁྲག་རྒྱུན་གསར་བ་བསྡུ་ལེན་དང་གདོང་ལེན་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ཏང་ལ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཆེན་པོ་དང་འཐབ་འཛིང་བྱེད་ཤུགས་ཆེན་པོ་ལྡན་པར་སྐུལ་འདེད་བཏང་། 

ཏང་ཡོན་དཔུང་ཁག་གི་གཞི་ཁྱོན་སྔར་ལས་ཆེ་རུ་ཕྱིན་པ། ཏང་ཡོན་གྱི་བསྡོམས་འབོར་ལོ་གོང་མ་ལས3.7%འཕར་བ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་སྐབས་ལས15.9%འཕར་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཡོན་འཕེལ་རྒྱས་གཏོང་བའི་བསྡོམས་འབོར་སྙོམས་སྒྲིག་བྱས་པས་ཏང་ཡོན་གྱི་གྲངས་འབོར་བརྟན་པོའི་ངང་འཕར་ཡོད། 2021ལོར་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་གཟབ་རྒྱས་ཞུས་ནས། ལོ་བརྒྱའི་ཏང་གི་ལང་ཚོའི་གསོན་ཤུགས་གང་ལེགས་མངོན་པ་དང་། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་སྔོན་ཐོན་པས་འཚང་ཁ་ཤིག་ཤིག་ངང་ཏང་ནང་དུ་ཞུགས་པར་རེ་ཞུ་བྱས་ཏེ། ལོ་ཧྲིལ་བོར་ཏང་ཡོན་ཁྲི438.3འཕེལ་རྒྱས་ཕྱིན་ནས་ལོ་གོང་མ་ལས་མི་ཁྲི195.6ཇེ་མང་དུ་སོང་ཡོད། དེའི་ནང་ཐོན་སྐྱེད་བྱ་བའི་འཐབ་ཕྱོགས་དང་པོར་མི་གྲངས་ཁྲི་231.1ཡོད་པ་དེས52.7%ཟིན་པ་དང་། ཆེད་ཚན་དང་དེ་བཞིན་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་སློབ་མ་ཁྲི211.5ཡོད་པ་དེས48.3%ཟིན་པ། ལོ35དང་དེའི་མན་གྱི་མི་གྲངས་ཁྲི354.0ཡོད་པ་དེས80.8%ཟིན་ཡོད། 

ཏང་ཡོན་དཔུང་ཁག་གི་གྲུབ་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། ཆེད་ཚན་དང་དེ་བཞིན་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི5146.1ཡོད་པ་དེས་53.2%ཟིན་ཡོད་ཅིང་། དེ་ལོ་གོང་མ་ལས་བརྒྱ་ཆའི་ཚེག1.3འཕར་ཡོད། བུད་མེད་ཏང་ཡོན་ཁྲི2843.1ཡོད་པ་དེས29.4%ཟིན་ཡོད་ཅི་ང། དེ་ལོ་གོང་མ་ལས་བརྒྱ་ཆའི་ཚེག1.0འཕར་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི728.5ཡོད་པས7.5%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་ཚེག0.1འཕར་ཡོད། 2012ལོའི་ལོ་མཇུག་དང་བསྡུར་ན་ཆེད་ཚན་སློབ་གྲྭ་ཆེན་མོ་དང་དེ་བཞིན་དེ་ཡན་གྱི་སློབ་རྒྱུས་དང་། བུད་མེད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་གྱིས་ཟིན་པའི་བསྡུར་གྲངས་སོ་སོར་བརྒྱ་ཆའི་ཚེག13.2དང་། 5.6། 0.7བཅས་སོ་སོར་འཕར་ཡོད། བཟོ་བ་དང་ཞིང་བ་སྔར་བཞིན་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་གཙོ་བོ་ཡིན་ཞིང་། བསྡོམས་འབོར་གྱི33.6ཟིན་ཡོད། 

ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་གྱི་སློབ་གསོའི་བྱ་བའི་མ་ལག་འཐུས་ཚང་དུ་བཏང་བ་དང་། ཏང་གི་ཤེས་བྱ་སློབ་ཁྲིད་དང་སློབ་སྦྱོང་གི་དཔེ་བཟང་བྱེད་སྒོ་གཏིང་ཟབ་སྤེལ་བ། ཏང་ཡོན་ལ་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ། རིམ་པ་སོ་སོའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་ཁྲི177.3སྤེལ་བ། རྫོང་རིམ་པ་ཡན་གྱི་ཏང་ཨུ་ཡིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་མི་ཐེངས་ཁྲི430.4གཅིག་བསྡུས་ངང་རེས་སྐོར་གསོ་སྦྱོང་བྱས་པས། སློབ་གསོའི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད། ཏང་གི་རྩ་འཛུགས་འཚོ་བ་སྔར་བས་ཚད་ལྡན་དུ་བཏང་ཞིང་། ཏང་ཀྲི་པུའུ་ཁྲི424.8ཀྱིས་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་པ་དང་། ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱས་ཡོད། 

གཞི་རིམ་ཏང་རྩ་འཛུགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ། རྒྱལ་ཡོངས་སུ་བསྡོམས་པས་གཞི་རིམ་ཏང་ཨུ་ཁྲི27.8དང་སྤྱི་ཁྱབ་ཀྲི་པུའུ་ཁྲི31.6། ཀྲི་པུའུ་ཁྲི434.2བཅས་བཙུགས་ཡོད་པ་དང་། རྩ་འཛུགས་བཀོད་སྒྲིག་སྔར་ལས་ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ་བྱས་ཡོད། ལོ་ཧྲིལ་བོར་གཞི་རིམ་ཏང་རྩ་འཛུགས་ཁྲི178.2སྐབས་བརྗེ་ལེགས་འགྲུབ་བྱུང་བ་དང་། གྲོང་གསེབ་དང་སྡེ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད།  གྲོང་ཚོ་དང་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཁྲོད་ཆེད་ཚན་དང་དེ་བཞིན་དེ་ཡན་གྱི་སློབ་རྒྱུས་ཀྱིས་སོ་སོར40.8%དང77.7%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་ཚེག14.3དང10.3སོ་སོར་འཕར་བ་དང་། ལོ35དང་དེ་མན་གྱིས་སོ་སོར12.5%དང18.2%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་ཚེག4.5དང་5.0འཕར་ཡོད། ཏང་ཀྲུང་དབྱང་གིས་གཞི་རིམ་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲིད་སྟོན་མངོན་གསལ་འོག ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པ། ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་དང་གོང་བུར་འགྲིལ་ཤུགས་སྔར་བས་ཆེ་རུ་ཕྱིན་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་བ་མངོན་པར་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།