ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཧ་སག་སི་ཐན་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས28ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་དུ་བརྙན་ལམ་བརྒྱུད་ནས་ཧ་སག་སི་ཐན་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་དང་གྲོས་མོལ་བྱས།

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གནད་འགག་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་སའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། ཕྱོགས་གཉིས་ཀས་རྒྱལ་སྤྱིའི་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱེད་དགོས།

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀའི་ཁྲིམས་འཛུགས་སྒྲིག་གཞིས་བསམ་བློ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། དངོས་གཉེར་མཉམ་ལས་ལ་ཕྱི་གསལ་ནང་གསལ་དང་འདྲ་མཉམ་གྱི་ཁྲིམས་སྐྱོང་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུའི་རེ་བ་ཡོད། ན་གཞོན་སྔར་ལས་མང་བ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས།

ཁི་ཧྲ་ནའོ་ཧྥུའུ་བཤད་རྒྱུར། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་སྣེ་ཁྲིད་འོག་ཏུ། ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་བརྟན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་འཕེལ་རྒྱས་གསར་པ་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བདེ་བླགས་ངང་བསྡུ་ཐུབ་པའི་སྨོན་འདུན་ཞུས་པ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོར་ཚད་མཐོའི་གདེང་འཇོག་གནང་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། ཧ་སག་སི་ཐན་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བསམ་བློ་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།

ཚའོ་ཅན་མེན་ཐེངས་འདིའི་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།