ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སློབ་སྦྱོང་རྩ་གནད》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སློབ་སྦྱོང་རྩ་གནད》(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)རྩོམ་སྒྲིག་སྒྲིག་འཛུགས་བྱས་པ་དེ་མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པ་དང་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕུགས་རྒྱང་རིང་བ་དང་སྤྱི་ཡོངས་གཅིག་འདོམས། དུས་བབ་ཆེན་པོར་དམ་འཛིན་བཅས་གནང་ནས་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་མཛུབ་ཁྲིད་གནང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ལག་ལེན་ཁྲོད་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གྲུབ་པ་དང་འཕེལ་རྒྱས་སུ་ཕྱིན་པ་རེད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མ་ལག་ཚགས་དམ་ཞིང་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། རྒྱ་ཆེ་ཞིང་གཏིང་ཟབ་པ་བཅས་ཡོད་པས། དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ལ་ལྟ་སྟངས་ཇི་ལྟར་འཛིན་པ་དང་ཇི་ལྟར་བྱེད་པ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ལྷོད་མེད་བྱས་ནས་གྲུབ་པའི་རྩ་ཆེའི་བསམ་བློའི་སྙིང་བཅུད་ཅིག དེང་སྐབས་ཀྲུང་གོ་དང་དུས་རབས21པའི་འཛམ་གླིང་ཐོག་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཤིག རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཚན་རིག་གི་མཛུབ་སྟོན་ཞིག་བཅས་རེད།

《རྩ་གནད》ལ་ཁྱོན་ལེའུ15དང་ས་བཅད58། ཚན་པ146། ཡིག་འབྲུ་ཁྲི10བཅས་ཡོད། དེབ་དེའི་ནང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་མ་ལག་ལྡན་པའི་ངང་རྒྱས་བཤད་བྱས་ཡོད་པ་དང་། དཔལ་འབྱོར་ཁྱབ་ཁོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བཞག་པའི་ཐོག་མའི་རང་བཞིན་གྱི་ལེགས་སྐྱེས་ཕྱོགས་ཡོངས་ནས་མངོན་པར་མཚོན་ཡོད།《རྩ་གནད》ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་གྲུབ་ཚུལ་ཚགས་དམ་པ། མ་རྩོམ་ལ་བསྟུན་པ། རྩོམ་སྲོལ་གསོན་ཉམས་ལྡན་ལ་བབ་ཆགས་པ་བཅས་ཡིན་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་གོ་བ་གཏིང་ཟབ་ལེན་པའི་རམ་འདེགས་ཀློག་དེབ་གལ་ཆེན་ཞིག་རེད།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་བརྡ་ཐོ་བཏང་ནས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)《རྩ་གནད》དེ་སློབ་སྦྱོང་འཆར་གཞིའི་ནང་བཅུག་ནས།  མ་ལག་དང་ཁྱོན་ཡོངས་ནས་སློབ་སྦྱོང་དང་དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་། བསམ་གཞིགས་གཏིང་ཟབ་སྒོས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཤིང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་བརྟེན་ནས་གནད་དོན་དངོས་ཐག་གཅོད་བྱེད་པར་མཛུབ་སྟོན་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་སྐྱོང་བཅས་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ལ། སློབ་སྦྱོང་གི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།