ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཞི་བཅུ་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་བཅུ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་འདི་ཉིད་དམངས་སེམས་དང་དམ་པོར་འབྲེལ་བའི་ཆབ་སྲིད་ཆེ་ཤོས་ཤིག་ཡིན་ལ། དེ་ནི་ཕམ་ན་གྱོང་ཆེ་ལ་གཏན་ནས་ཕམ་མི་ཆོག་པའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་ཀྱང་ཡིན། དུས་བབ་གསར་པའི་འོག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ངོས་འཛིན་གཏིང་ཟབ་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོ་རུ་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཐོབ་པར་བྱེད་དགོས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གྱོད་གཞི་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རིན་ལིའུ་མའེ་ཕེན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་ནས་བྱ་བར་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ཉན་ཞོར་གྲོས་སྡུར་བྱས།

ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་ཏེ་སྐྱེད་སྲིང་བྱས་པའི་གཤིས་རྒྱུད་མངོན་གསལ་ཅན་ཞིག་ཡིན། ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། དུས་རབས་གསར་པའི་ནང་དུའང་ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཐད་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་ནས། རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་རིམ་ལས་བརྒལ་བར་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ཡོད། ཏང་གིས་སྔར་བྱུང་མ་མྱོང་བའི་རུལ་རྒོལ་གཙང་སྤེལ་གྱི་འཐབ་རྩོད་བྱས་པ་བརྒྱུད་དེ། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད་ཅིང་། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཐོབ་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད་ལ། ཏང་ཡོངས་མཐུན་སྒྲིལ་དང་གཅིག་གྱུར་ཚད་མཐོན་པོ་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་མངོན་འགྱུར་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་ཡང་ཐོབ་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་བླངས་པ་དང་ཉམས་མྱོང་གལ་ཆེན་གསོག་འཇོག་བྱས་ཡོད། གཅིག་ནས་ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་རྣམ་པ་ཞིག་གྲུབ་པར་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་དང་རིམ་པ་སོ་སོའི་ཏང་ཨུའི་གཅིག་གྱུར་བཀོད་འདོམས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་མཐུན་སྦྱོར། འགན་སྒྲུབ་སྡེ་ཁག་གི་ལས་ཆོད་ཆེ་ལ་མཐུན་སྦྱོར་ཡིན་པ། མི་དམངས་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ་ཟབ་ཞུགས་བྱེད་པ་བཅས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ཡོད། གཉིས་ནས་ཡན་ལག་བཅོས་སྐྱོང་ནས་འགོ་བརྩམས་ཏེ་རྩ་བ་བཅོས་སྐྱོང་དེ་ཡན་ལག་བཅོས་སྐྱོང་ནང་བཞག་ནས། ཏང་ཡོན་ལས་བྱེད་པར་གུས་ཤིང་སྐྲག་པའི་དབང་གིས་རུལ་སུངས་བྱེད་མི་ཕོད་པ་དང་། ལམ་ལུགས་ཀྱི་དབང་གིས་རུལ་སུངས་བྱེད་མི་ནུས་པ། གོ་རྟོགས་སད་པའི་དབང་གིས་རུལ་སུངས་བྱེད་མི་བསམ་པ་བཅས་བྱས་ཡོད། གསུམ་ནས་སྔ་ཕྱི་བར་གསུམ་དུ་ནང་སྙིང་གཙོ་བོར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། བཟོད་སྒོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རུལ་སུངས་སུ་འགྱུར་བར་ཉེས་ཆད་བཅད་པ་དང་། འཕར་ཚད་བཀག་འགོག་དང་བསགས་འབོར་ཉུང་འཕྲི་མཐའ་གཅིག་ཏུ་བྱས་ལ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་པར་འགོག་རྐྱེན་བཟོ་བ་དང་། ཏང་གི་སྲིད་འཛིན་རྨང་གཞིར་གནོད་འཚེ་ཚབས་ཆེན་གཏོང་བའི་རུལ་སུངས་གནད་དོན་ལ་རྩད་ཞིབ་ཐག་གཅོད་ནན་མོ་བྱས་པ་དང་། ཏང་ལ་མངོན་བརྩི་ལྐོག་འགལ་གྱི་ངོ་གཉིས་མ་དང་ཁུ་བསྡུ་མི་བྱེད་པའི་རུལ་སུངས་སུ་འགྱུར་ངེས་ཀྱི་རིགས་ལ་གཙང་སེལ་མཐའ་གཅིག་ཏུ་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་རྒོལ་ལས་དོན་ཟབ་སྤེལ་བཅས་བྱས་ཏེ། སྤྱོད་ཚུལ་མི་འགྱུར་བ་དང་ཆོད་སེམས་མི་ཉམས་པ། ཚད་གཞི་མི་གློད་པ་བཅས་བྱས། བཞི་ནས་རུལ་སུངས་འགོག་བཅོས་ཀྱི་ལམ་ལུགས་ཀྱི་འཆིང་རྒྱ་སྔར་ལས་ཇེ་དམ་དུ་བཏང་སྟེ། ཅུང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་མ་ལག་ཆ་ཚང་ཞིག་གྲུབ་པར་བྱས་པ་དང་། ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་སྔར་ལས་ཆེ་རུ་བཏང་ལ། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན། ཕྱོགས་བསྡུས་ཕན་ནུས་ཆེ་རུ་བཏང་ནས། ཁྲིམས་སྲོལ་ལམ་ལུགས་ཁག་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་བྱས། ལྔ་ནས་རུལ་འགོག་འགྱུར་འགོག་གི་བསམ་བློའི་འཛིང་རགས་བརྟན་པོ་བསྐྲུན་ནས་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་ལ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ཀུན་སྤྱོད་གཙང་མར་བསྒྱུར་བ་དང་། བསམ་བློའི་འཚོ་བཅུད་ཁ་གསབ་བྱས་ཤིང་། བསམ་བློའི་བླ་སྲོག་ཇེ་བརྟན་དུ་བཏང་ལ། བསམ་བློ་ཀུན་སྤྱོད་ཀྱི་འཛིང་རགས་ཇེ་བརྟན་དུ་བཏང་། དྲུག་ནས་དབང་ཆ་བཀོལ་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་དང་གཞུང་གི་ལས་བྱེད་མི་སྣར་ལྟ་ཞིབ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས། ཏང་གི་རང་ངོས་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། གནད་དོན་ཤེས་རྟོགས་དང་བཅོས་སྒྲིག་ལ་སྐུལ་འདེད། བཅོས་སྒྱུར་ལ་སྐུལ་འདེད། ལམ་ལུགས་འཐུས་ཚང་བཅས་ཡོང་བར་བྱས་ནས། ཏང་ཡོན་ལས་བྱེད་པས་དྲང་གཞག་ངང་དབང་ཆ་བཀོལ་བ་དང་ཁྲིམས་ལྟར་དབང་ཆ་བཀོལ་བ། སྤྱོད་གཙང་ངང་དབང་ཆ་བཀོལ་བ། དམངས་ཀྱི་དབང་ཆ་བཀོལ་བ་བཅས་ཀྱི་ཐད་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རུལ་སུངས་ནི་ཏང་ནང་གི་རྒྱུ་རྐྱེན་མི་ལེགས་པ་སྣ་ཚོགས་ཡུན་རིང་གསོག་འཇོག་བྱས་པ་ལས་བྱུང་བའི་མངོན་སྟངས་ཤིག་ཡིན་ལ། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་ནད་གཞི་སྣ་ཚོགས་ལ་འཐབ་རྩོད་བྱེད་པ་ཞིག་ཡིན། འཐབ་རྩོད་དེ་རིགས་ནི་རྙོག་འཛིང་དང་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། ཕྱི་བཤོལ་དང་བསྟུན་ཐབས་སྤུ་ཙམ་ཡང་བྱེད་མི་རུང་བར་ངེས་པར་དུ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་བློ་སྟོབས་ཡོད་རྒྱུ་དང་། བློ་བརྟན་འགྱུར་མེད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས་ལ། དུག་གཅོད་པ་དང་དུག་ཁུངས་གཙང་སེལ། དུག་རྒྱུན་གཙང་སེལ་བཅས་མཐའ་གཅིག་ཏུ་བྱས་ནས། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བར་བྱས་ཏེ་དམར་པོའི་སྲིད་དབང་གི་ཁ་དོག་ནམ་ཡང་མི་འགྱུར་བར་འགན་ལེན་ཏན་ཏིག་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་ཡོད་ནའང་། ད་དུང་དེའི་གནས་སྟངས་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པ་ཞིག་ཡིན། ང་ཚོས་རུལ་སུངས་སུ་འགྱུར་བའི་ངན་རེངས་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་བར། ངེས་པར་དུ་རུལ་སུངས་སུ་འགྱུར་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པའི་ངང་ནས་སྤེལ་དགོས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་དགོས། དེ་གསུམ་ཀས་དུས་གཅིག་ཏུ་ཤུགས་བརྒྱབ་ནས་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་དང་ཕན་ནུས་ཆེན་པོ་དང་། རུལ་སུངས་བྱེད་མི་ནུས་པའི་འགྱུར་མེད་ལམ་ལུགས་ཀྱི་ཚོད་འཛིན། རུལ་སུངས་བྱེད་མི་འདོད་པའི་བསམ་བློའི་སློབ་གསོ་བཅས་ཀྱི་ལེགས་ཆ་གཞི་གཅིག་ཏུ་བསྡུས་པའི་སྟེང་ནས། དུས་རྣམ་ཀུན་གྱི་དོ་དམ་བྱེད་ཐབས་ལ་བརྟེན་ནས། བྱེད་ཐབས་ཁག་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ཕན་ཚུན་གཞོགས་འདེགས་ཡོང་བར་བྱེད་པ་དང་། ལག་བསྟར་བརྒྱུད་རིམ་ཁྲོད་ཕན་ཚུན་སྐུལ་འདེད་གཏོང་རེས་བྱེད་པ། བྱ་བའི་ཕན་འབྲས་ཐད་ཕན་ཚུན་བརྗེ་རེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱུ་དང་། ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ་བཅས་མུ་མཐུད་འདོན་སྤེལ་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དང་ཁྱད་པར་དུ་འགོ་ཁྲིད་གཙོ་བོའི་འགན་གཙང་ལེན་བྱས་ནས། འབྲེལ་ཡོད་འགན་སྒྲུབ་སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་དང་རང་འགན་རང་འཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ལམ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་དང་སྦྲེལ་མཐུད་གང་ལེགས་ཡོང་བར་བྱས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་དང་བསམ་བློའི་སློབ་གསོ། རྩ་འཛུགས་ཀྱི་དོ་དམ། སྤྱོད་ཚུལ་བཅོས་སྒྲིག སྒྲིག་ཁྲིམས་ལག་བསྟར། ལམ་ལུགས་འཐུས་ཚང་བཅས་ཡོང་བར་བྱས་ཏེ། རུལ་སུངས་འགོག་བཅོས་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་སྤྱི་ཡོངས་ཀྱི་དམག་འཐབ་ཡག་པོ་རྒྱག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། བཟོད་སྒོམ་གཏན་ནས་མི་བྱེད་པའི་ཉེན་བརྡ་གཏོང་བ་དང་བཟོད་སྒོམ་གཏན་ནས་མི་བྱེད་པའི་ཤུགས་ཚད་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་ཁག་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། ཡང་ཡང་ཐོན་པའི་གནད་དོན་རྙིང་པ་དེ་དག་རིམ་བཞིན་ཉུང་དུ་གཏོང་བ་ནས་ཕྱིན་ཆད་མི་འབྱུང་བར་བྱེད་པ། འབྱུང་ལ་ཉེ་བའི་གནད་དོན་རེ་འགའ་གཏན་ནས་མི་འབྱུང་བར་བྱེད་པ། འཕར་ཚད་མཐའ་གཅིག་ཏུ་བཀག་འགོག་དང་གྲངས་འབོར་མེད་པར་བཟོ་བ་བཅས་བྱེད་དགོས། རུལ་སུངས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་འགྱུར་ལྡོག་གི་ཁ་ཕྱོགས་ལ་སྟངས་འཛིན་ནོར་བ་མེད་པ་བྱས་ནས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། ཉེན་ཁ་ཡི་འགལ་རྐྱེན་ཆེ་བའི་ལས་རིགས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་རུལ་སུངས་གཙང་སེལ་མཐའ་གཅིག་ཏུ་བྱས་ཏེ། རུལ་སུངས་ཀྱི་ཉེན་ཁ་དང་འབྲེལ་བའི་རང་བཞིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་གཙང་སེལ་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། རང་ངོས་ཀྱི་ཆབ་སྲིད་སྐྱེ་ཁམས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། རུལ་སུངས་ཀྱི་མཚོན་ཚུལ་མངོན་གསལ་དང་ཁྱབ་ཁོངས་གཙོ་གནད། ལྷུ་ཚིགས་མངོན་གསལ་བཅས་འཚོལ་ཞིབ་གནད་དུ་འཁེལ་བ་བྱེད་རྒྱུ། དམིགས་ཡུལ་ཡོད་པའི་སྒོ་ནས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ། ནུས་ཤུགས་ཡོད་རྒུས་འགག་གནད་མཁྲེགས་གཏོར་བྱེད་པ། ཕན་འབྲས་དངོས་ཐོན་པ་བཅས་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནད་དོན་གྱི་འབྱུང་རྩ་ནས་འགོ་བརྩམས་ཏེ། དབང་ཆ་དང་དཔོན་རིགས་དོ་དམ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒོ་ནས་རུལ་སུངས་ཀྱི་གནད་དོན་ལ་དོགས་ཟོན་དང་བཅོས་སྒྲིག་བྱེད་དགོས། རུལ་སུངས་སུ་འགྱུར་བའི་གོ་སྐབས་ཉུང་དུ་གཏོང་བར་ཤུགས་རྒྱག་རྒྱུ་དང་། སྲིད་ཇུས་གཏན་འབེབས་དང་ཐབས་ཇུས་འགོད་རིམ། ཞིབ་བཤེར་ཆོག་མཆན་དང་ལྟ་སྐུལ་དོ་དམ། ཁྲིམས་བསྟར་དང་ཁྲིམས་འཛིན་སོགས་འགག་རྩའི་དབང་ཆ་དམ་འཛིན་ནན་མོ་བྱེད་པ། འགན་འཁྲིའི་དབང་ཚད་ནན་མོ་དང་ལས་ཀའི་གོ་རིམ་ཚད་ལྡན། དབང་ཆར་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དབང་ཆ་ཡིས་བྱེ་བྲག་གི་དཔལ་འབྱོར་བྱེད་སྒོར་ལུགས་མེད་ཐེ་གཏོགས་བྱེད་པའི་གནས་སྟངས་སྔར་ལས་ཇེ་ཉུང་དུ་གཏོང་དགོས། རུལ་སུངས་སུ་འགྱུར་ངེས་རིགས་ལ་སྔོན་འགོག་ནུས་ལྡན་བྱས་ཏེ། རུལ་སུངས་སུ་འགྱུར་ངེས་རིགས་ལ་སྔོན་འགོག་དང་། རྒྱུན་ལྡན་གྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་པ། རྣམ་པ་རིགས་བཞི་གནད་འཁེལ་ངང་བེད་སྤྱོད་བྱེད་པ། སྔ་མོ་ནས་དམ་འཛིན་བྱེད་པ་དང་། ཆུང་ངུ་ནས་དམ་འཛིན་དང་གཙང་སེལ་བྱེད་པ། རིམ་པ་རེ་རེ་བཞིན་འགོག་སྲུང་བྱ་དགོས། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་རྒྱུ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་ཏང་གཤིས་ཀྱི་སློབ་གསོ་དང་ཉེན་ཟོན་གྱི་སློབ་གསོ་ཤུགས་ཆེར་སྤེལ་བ། སྤྱོད་གཙང་རིག་གནས་ཀྱིས་ལུས་སེམས་གསོ་བ། དུས་རབས་གསར་པ་དང་དུས་རིམ་གསར་པའི་བླང་བྱ་དང་མཐུན་པའི་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་སྒོ་ཀུན་ནས་འཛུགས་པ། ན་གཞོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པར་མཐོང་ཆེན་བཅས་བྱ་དགོས། རུལ་སུངས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་བ་དང་ཁྲིམས་གཅོད་མཉམ་འགུལ་ལམ་སྲོལ་བཙུགས་ནས། རུལ་སུངས་ཀྱི་མངོན་མེད་གཞན་འགྱུར་དང་གསར་སྒྱུར་རིམ་སྤོར་སོགས་ཀྱི་ཁྱད་ཆོས་གསར་པར་དབྱེ་ཞིབ་དང་ཞིབ་འཇུག་བྱ་རྒྱུར་ཤུགས་བསྣན་ནས། རུལ་སུངས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ནུས་ལྡན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱས་ནས། ལྟ་སྐུལ་སྟོབས་ཤུགས་སྣ་ཚོགས་བསྡུ་སྒྲིལ་དང་ལས་དོན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། དབང་ཆའི་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ་དང་དེའི་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ། དབང་ཆ་གང་བྱུང་དུ་མི་སྤྱོད་པར་འགན་ལེན་བྱེད་དགོས། ཏང་ནང་གི་ཁྲིམས་སྲོལ་མ་ལག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕྱི་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས། ལམ་ལུགས་ལག་བསྟར་ནན་མོ་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་བྱ་རྒྱུ་དེ་ཏང་ཡོན་དང་ལས་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས་ལ་འགྱུར་བར་བྱེད་དགོས། རང་ཉིད་གསར་བརྗེ་བྱེད་པར་ཡང་མི་དམངས་ལ་རྒྱབ་རྟེན་བཅོལ་རྒྱུར་དོ་སྣང་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་རང་ཉིད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་ལྟ་སྟངས་ནན་མོ་འཛིན་པ་ནས་འགོ་རྩོམ་དགོས། གོ་གནས་ཇི་ཙམ་མཐོ་བ་དང་དབང་ཆ་ཇི་ཙམ་ཆེ་ན། དེ་ཙམ་གྱིས་གུས་ཤིང་སྐྲག་པའི་བསམ་པ་ཡོད་དགོས་པ་དང་། དེ་ཙམ་གྱིས་རང་གཅུན་ནན་མོ་ཡོད་དགོས། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་ཉིད་ལ་དོ་དམ་ལེགས་པོ་བྱེད་པ་དང་། ད་དུང་ཁྱིམ་མི་དང་གཉེན་ཉེ་རྣམས་ལ་དོ་དམ་ཡག་པོ་བྱེད་པ། ཉེ་འཁོར་གྱི་ལས་དོན་ལ་དོ་དམ་ཡག་པོ་བྱེད་པ། གཙོ་གཉེར་དང་ལས་བགོས་འགན་འཁུར་ཁྱབ་ཁོངས་ཀྱི་གོམས་སྲོལ་ལ་དོ་དམ་ཡག་པོ་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དང་། ཡར་བརྩོན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་སོགས་ཀྱི་ཐད་སྣེ་ཁྲིད་ཡག་པོ་དང་འགན་འཁྲི་ཡག་པོ་འཁུར་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་རང་གཅུན་ནན་མོ་བྱ་རྒྱུའི་ཐད་ངེས་པར་དུ་ཚད་གཞི་མཐོན་པོ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་ཀྱིས་སྒྲུབ་ཐུབ་པའི་དོན་དག་ཀུན་གྱིསྔོན་ལ་བསྒྲུབ་རྒྱུ་དང་། ཏང་ཡོངས་ཀྱིས་མི་སྒྲུབ་པའི་དོན་དག་རང་གིས་་གཏན་ནས་མི་བསྒྲུབ་པའི་བླང་བྱ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་གསར་པ་དང་འགྲན་སློང་གསར་པར་རང་འགུལ་ངང་ཁ་གཏད་འཇལ་རྒྱུ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆོས་ཉིད་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བྱ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རང་འགུལ་ངང་ཏང་ནང་ཁུལ་དང་སྤྱི་ཚོགས་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས། རང་ཁྱབ་ཁོངས་ཀྱི་རུལ་སུངས་བཀག་འགོག་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པས་བློ་དཀར་སེམས་དཀར་དང་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་སྒོ་ནས། ཐོག་མཐའ་བར་གསུམ་དུ་ཏང་གཤིས་ལ་བརྟེན་ནས་བྱ་བ་སྒྲུབ་པ་དང་། དྲང་གཞག་ངང་སྒྲིག་ཁྲིམས་ལག་བསྟར་བྱེད་པ། དབང་ཆ་གཟབ་ནན་ངང་བཀོལ་བ། འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་ཀྱི་འདོད་བློ་ཚིམ་པར་བྱེད་དགོས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།