ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་དེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས12པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་དེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས།》ཞེས་པ་སྤེལ་བ་རེད།

གསུང་རྩོམ་ནང་བསྟན་དོན། མི་རྣམས་ཀྱི་ཚེ་སྲོག་དང་རིན་ཐང་། ལ་རྒྱ་བཅས་ལ་གཅེས་སྤྲས་བྱས་ནས་མི་ཚང་མར་འགྲོ་བ་མིའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་གི་དམིགས་ཡུལ་རེད། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་བརྩོན་ལེན་བྱེད་པའི་ཕུགས་འདུན་ཡང་ཡིན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དེ་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག འགྲོ་བ་མིའི་ཐོབ་ཐང་ལ་འགན་ལེན། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་བཅས་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།

གསུང་རྩོམ་ལས་བསྟན་དོན། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་གྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་དང་། མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་དཔྱད་གཞིར་བཟུང་སྟེ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། རང་རྒྱལ་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་རང་རྒྱལ་གྱི་མིའི་ཐོབ་ཐང་ལས་དོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏན་འཁེལ་བྱས་ཡོད། གཉིས་ནི་མི་དམངས་ཀྱི་གཙོ་གཞིའི་གནས་བབ་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་རང་བཞིན་ནི་ཀྲུང་གོའི་མིའི་ཐོབ་ཐང་འཕེལ་རྒྱས་ལམ་བུའི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན། གསུམ་ནི་རང་རྒྱལ་གྱི་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཁག་གི་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ནི་ངེས་པར་དུ་རྒྱལ་ཁབ་སོ་སོའི་གནས་ཚུལ་དངོས་དང་རང་རྒྱལ་མི་དམངས་ཀྱི་འདོད་འདུན་ལ་གཞིགས་ནས་གཏན་འཁེལ་བྱ་དགོས། བཞི་ནི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་ཨང་དང་པོར་བྱེད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མཐའ་འཁྱོངས་བྱེད་དགོས། འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་མཐའ་དག་ལོངས་སུ་སྤྱོད་པའི་རྨང་གཞི་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན། ལྔ་ནི་ཁྲིམས་ལྟར་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། ཁྲིམས་སྐྱོང་ནི་འགྲོ་བ་མིའི་ཐོབ་ཐང་གི་འགན་ལེན་ནུས་ལྡན་ཞིག་ཡིན། དྲུག་ནི་གོ་ལ་ཧྲིལ་བོའི་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ་མཐའ་འཁྱོངས་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་བྱ་གཞག་ཡིན། རྒྱལ་ཁབ་ཁག་ཚང་མར་རང་ཚུགས་ངང་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུ་གདམ་ག་བྱེད་དབང་ཡོད་པས། དཔལ་ཡོན་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཁོང་ཡངས། ཕན་ཚུན་བརྗེ་རེས། ཕན་ཚུན་དཔྱད་གཞིར་འཛིན་རེས་བཅས་བྱེད་དགོས།

གསུང་རྩོམ་ལས་ནན་གྱིས་བསྟན་དོན། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་པ། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཤམ་གསལ་གྱི་ལས་དོན་ཁག་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་ཏེ། དང་པོ། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གཉིས་པ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། གསུམ་པ། ཡང་དག་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དར་སྤེལ་གཏོང་དགོས། བཞི་པ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ལྔ་པ། རྒྱལ་སྤྱིའི་མིའི་ཐོབ་ཐང་སྐོར་གྱི་འཐབ་རྩོད་ཧུར་ཐག་གིས་སྤེལ་དགོས། འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་དང་ཞིབ་ཕྲ། དངོས་ཡོད་བཅས་ཡིན་པས། རྒྱལ་ཁབ་མི་འདྲ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པ་ནི་སྟོང་བཤད་ཁོ་ན་ཡིན། རྒྱལ་ཁབ་ཅིག་ལ་མིའི་དབང་ཆ་ཡོད་མེད་གདེང་འཇོག་བྱེད་སྐབས་རྒྱལ་ཁབ་གཞན་པའི་ཚད་གཞིར་བརྟེན་ནས་བསྡུར་ཞིབ་བྱེད་མི་རུང་ལ། ཚད་གཞི་ཉིས་བརྩེགས་འཛིན་པ་དང་ཐ་ན་འགྲོ་བ་མིའི་ཐོབ་ཐང་དེ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བརྩི་མི་རུང་།

གསུང་རྩོམ་ལས་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དང་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་རང་རྟོགས་ངང་སློབ་སྦྱོང་བྱེད་དགོས་ལ། ས་ཁུལ་ཁག་དང་སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལ་བརྩི་འཇོག་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་བྱེད་དགོས་ཞེས་བསྟན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།