ཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་རང་འགུལ་གྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ནང་འདྲེས་སུ་བཅུག་སྟེ། འཐབ་ལམ་གསར་པའི་སྟེང་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། 

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་རང་འགུལ་གྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ནང་འདྲེས་སུ་བཅུག་སྟེ། འཐབ་ལམ་གསར་པའི་སྟེང་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས།

微信图片_20220615092536.jpg

 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་དང་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་ཞབས་ཞུ་སྒྲུབ་པ་དང་དེའི་ནང་དུ་ཞུགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ། དཔལ་འབྱོར་བརྟན་རླིང་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་རླིང་ཡོང་བ་རྒྱུན་སྲུང་དང་། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་སྤེལ་གཏོང་བའི་སྐས་རིམ་གསར་པར་སྤོ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་བ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བདེ་བླག་ངང་བསྡུ་བར་བསུ་མ་བྱེད་དགོས།

ཟླ6པའི་ཚེས8ཉིན། ཞི་ཅི་ཕིང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཧྲེང་ཀྲང་ཧོང་ཆང་གཉིས་ཀྱི་ཕེབས་རོགས་འོག སྔ་རྗེས་སུ་མེ་ཧྲན་དང་དབྱི་པིང་སོགས་ཀྱི་ས་ཆར་ཕེབས་ནས། ཞིང་སྡེ་དང་རིག་དངོས་སྲུང་སྐྱོབ་སྡེ་ཁག སློབ་གྲྭ། ཁེ་ལས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་མཛད།

ཟླ6པའི་ཚེས1ཉིན། སི་ཁྲོན་གཡག་རྔ་རུ་ཚད་རིམ6.1ཅན་གྱི་ས་ཡོམ་བྱུང་བར། ཞི་ཅིན་ཕིང་གིས་དེ་མ་ཐག་ཏུ་མཛུབ་སྟོན་གལ་ཆེན་གནང་སྟེ། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་མྱུར་སྐྱོབ་རྒུད་སྐྱོབ་བྱེད་པ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་ལ་སེམས་གསོ་བྱེད་པ། རྨས་སྐྱོན་ཕོག་པའི་མང་ཚོགས་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པ་བཅས་ཀྱིས། གནོད་ཐེབས་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ལེགས་པོ་དང་ཡང་བསྐྱར་གནོད་འཚེ་ཕོག་པར་འགོག་སྲུང་ལེགས་པོ་བྱེད་དགོས་ལ། གནོད་ཕྱིའི་བསྐྱར་སྐྲུན་དམ་འཛིན་བྱས་ཏེ། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་རྒྱལ་ཁབ་ས་ཡོམ་གྱི་རིམ་པ་གསུམ་པའི་བྲེལ་བསྟུན་ཁ་གཏད་འཇལ་མགོ་བརྩམས་པ་དང་། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགྱོགས་མྱུར་སྒོས་ཡོམ་འགོག་རྒུད་སྐྱོབ་བྱ་བ་རྩ་འཛུགས་བྱས་ནས་སྤེལ་ཏེ། རྨས་མ་མྱུར་སྐྱོབ་ཀྱི་བགྲོད་ལམ་ཤར་གཏོང་བྱས་ཐོག རྨས་མ་སྐྱོབ་བཅོས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་པ་དང་གནོད་ཐེབས་མང་ཚོགས་དུས་ཐོག་ཏུ་སྤོ་བསྒྱུར་དང་བཀོད་སྒྲིག་བྱས། མིག་སྔར་གནོད་ཐེབས་མང་ཚོགས་མང་ཆེ་ཤོས་ཕྱིར་ཁྱིམ་དུ་ལོག་ཡོད་པས། སི་ཁྲོན་གྱིས་ཞིང་ཆེན་རིམ་པའི་ས་ཡོམ་གྱི་རིམ་པ་གསུམ་པའི་བྲེལ་བསྟུན་ཁ་གཏད་འཇལ་མཚམས་བཞག་སྟེ། སླར་གསོ་བསྐྱར་སྐྲུན་གྱི་དུས་རིམ་དུ་ཞུགས།

རྟོག་ཞིབ་ཀྱི་སྐབས་སུ། ཞི་ཅིན་ཕིང་གིས་རྨས་ཕོག་མི་སྣའི་སྐྱོབ་བཅོས་དང་གནོད་ཁུལ་མི་དམངས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་ཆེན་པོ་མཛད་དེ། ཡོམ་འགོག་རྒུད་སྐྱོབ་ཀྱི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་བ་དང་། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་རྨས་མ་སྐྱོབ་བཅོས་བྱ་བ་ལེགས་པར་སྒྲུབ་པ་དང་། གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་པར་ཤུགས་སྣོན་པ། རྐྱེན་ལམ་དུ་ཤོར་མཁན་གྱི་རྗེས་ཕྱོགས་བྱ་བ་ཐག་གཅོད་ལེགས་པོ་དང་དེའི་ཁྱིམ་མི་ལ་སེམས་གསོ་བྱས་ཏེ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་ལེགས་པོ་དང་གཞི་རྩའི་འཚོ་བའི་དངོས་རྫས་མཁོ་འདོན་ལ་འགན་སྲུང་བྱེད་དགོས་པར་མ་ཟད། སླར་གསོ་བསྐྱར་སྐྲུན་འཆར་འགོད་ལེགས་པོར་བཀོད་དེ། ལག་ལེན་དམ་འཛིན་བྱེད་པ་དང་། གནོད་ཐེབས་མང་ཚོགས་ཀྱིས་སྔ་མོ་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་སླར་གསོ་ཐུབ་པར་རོགས་འདེགས་བྱེད་དགོས་པའི་མངག་བཅོལ་གནང་།

ཚེས8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧི་གྲོང་རྡལ་ཡུང་ཧྥེང་སྡེ་བ་རུ་ཕེབས་ཏེ་རྟོག་ཞིབ་དང་བརྟག་ཞིབ་མཛད། ཡུང་ཧྥེང་སྡེ་བས་འབྲས་ཐོན་ལས་དང་ལག་རྩལ་གྱི་དགེ་མཚན་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་འབྲས་ཀྱི་རིགས་སྣ་གསར་པ་དང་ལག་རྩལ་གསར་པའི་ཚོད་ལྟ་རྟེན་གཞི་བཙུགས་ཡོད། ཚད་གཞི་མཐོ་བའི་འབྲས་འདེབས་འཛུགས་རྟེན་གཞི་རུ། ཞི་ཅིན་ཕིང་གིས་སྡེ་བ་ཧྲིལ་པོའི་གནས་ཚུལ་མཚམས་སྦྱོར་ལ་མཉན་རྗེས། ཁོ་ཚོས་འབྲུ་རིགས་འདེབས་འཛུགས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་བྱེད་ཐབས་ལ་ཁས་ལེན་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྣན་དོན། ཁྲེན་ཏུའུ་གཞོང་ལ་སྔར་ནས“ཁྲེན་ཏུའུ་ལྷ་ཡི་གྲོང་ཁྱེར”ཞེས་པའི་མཚན་སྙན་ཐོབ་ཡོད་པས། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་དང་། འབྲུ་ཐོན་གཤིན་ས་འདིར་སྲུང་སྐྱོབ་ལེགས་པོ་དང་འབྲུ་རིགས་ཐོན་སྐྱེས་དམ་འཛིན་ནན་འཛིན་བཅས་བྱས་ཏེ། དུས་རབས་གསར་པར་ཆུ་ཚད་སྔར་ལས་མཐོ་བའི“ལྷའི་འབྲུ་མཛོད”བསྐྲུན་དགོས།

ཞི་ཅིན་ཕིང་གིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་གིན་འདུག ཁོང་རྐང་ཐང་དུ་ཕེབས་ནས་ཡུང་ཧྥེང་སྡེ་བའི་བཙོག་ཆུ་ཐག་གཅོད་རྫིང་བུ་དང་སྡེ་བའི་རྣམ་པར་གཟིགས་ཤིང་། སྡེ་བའི་འཕྲོད་བསྟེན་ས་ཚིགས་ལ་རྟོག་ཞིབ་མཛད་དེ། སྡེ་བ་དེས་མི་སྡོད་ཁོར་ཡུག་ལེགས་བཅོས་དང་ཞིང་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡུལ་མི་རྣམས་ལྟོ་རྒྱབ་ལ་སེམས་ཁྲལ་བྱེད་མ་དགོས་ན། ཆེས་སེམས་ཁུར་བྱེད་ས་ནི་སྨན་བཅོས་ཀྱི་གནད་དོན་ཡིན་ངེས། གྲོང་གསེབ་ཀྱི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ལ་འགན་སྲུང་ལེགས་པོ་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལེགས་པོ་བྱས་ཏེ། ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་དབུལ་བོ་ལས་ཐར་རྗེས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།

ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དབྱི་པིང་གྲོང་ཁྱེར་དུ་ཕེབས་ཏེ་རྟོག་ཞིབ་མཛད། འབྲི་ཆུ་དང་གསེར་ལྡན་ཆུ་བོ། མེན་ཅང་གཙང་བོ་བཅས་ནི་དབྱི་པིང་གྲོང་ཁྱེར་གྱི་མཁར་དཀྱིལ་དུ་འདྲེས་མཐུད་འབྱུང་བཞིན་ཡོད་པས། གཙང་གསུམ་མཉམ་དུ་འདྲེས་པའི་བརྗིད་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། དབྱི་པིང་ནི་ཆུ་ལ་བརྟེན་ནས་ཆགས་ཡོད་ལ། “ལེ་དབར་སྟོང་གི་འབྲི་ཆུའི་གྲོང་ཁྱེར་དང་པོ”ཞེས་པའི་མཚན་སྙན་ཐོབ་ཡོད། ལོ་ངོ་མང་པོའི་རིང་ལ་བསྟུད་མར་བཅོས་སྐྱོང་བྱས་པ་བརྒྱུད། གཙང་གསུམ་འགྲམ་ངོགས་ཀྱི་ཡུལ་ལྗོངས་སྔར་ལས་མཛེས་པར་གྱུར་ཏེ། མི་དམངས་མང་ཚོགས་ཆེས་དགའ་བའི་ཆུ་ངོགས་སྤྱི་གླིང་དུ་གྱུར་ཡོད། ཞི་ཅིན་ཕིང་གཙང་གསུམ་ཆུ་མགོ་རུ་ཕེབས་ཏེ། གཙང་གསུམ་འདྲེས་མཚམས་ལ་རྒྱང་གཟིགས་གནང་བ་དང་། ས་གནས་ཀྱིས་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་སྲུང་སྐྱོང་དང་འབྲི་ཆུའི་འབབ་རྒྱུད་དུ་ཉ་འཛིན་པ་གཏན་འགོག་བྱེད་པའི་གནས་ཚུལ་མཚམས་སྦྱོར་ལ་གསན། ཞི་ཅིན་ཕིང་གིས་བསྟན་དོན། འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི། འབྲི་ཆུའི་དཔལ་འབྱོར་རྒྱུད་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཀྲུང་ཧྭའི་དཔལ་ཡོན་འབྱུང་ཁུངས་ལ་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་བླང་བྱའང་ཡིན། སི་ཁྲོན་ནི་འབྲི་ཆུའི་སྟོད་རྒྱུད་དུ་གནས་པས། སྤྱི་ཡོངས་འདུ་ཤེས་ཇེ་དྲག་དང་སྟོད་རྒྱུད་འདུ་ཤེས་འཛུགས་པ་དང་སྲ་བརྟན་དུ་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་བྱེད་པ་དང་གསར་སྤེལ་ཆེན་པོ་མི་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། འབྲི་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་འཛུགས་པ་དང་གཙང་ཆུ་དྭངས་མོ་འདིར་སྲུང་སྐྱོང་ལེགས་པོ་བྱེད་དགོས།

སྔོན་དཔག་ལྟར་ན་ད་ལོར་རང་རྒྱལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མ་ཁྲི1076ལ་བསླེབ་རྒྱུ་ཡིན་ལ། དུས་མཉམ་དང་བསྡུར་ན་ཁྲི167ཇེ་མང་དུ་སོང་བས་ལོ་རྒྱུས་སྟེང་གི་ཆེས་མཐོ་ཤོས་ཀྱི་ཟིན་ཐོ་བསྐྲུན། ཞི་ཅིན་ཕིང་གིས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་ལ་ཧ་ཅང་ཐུགས་ཁུར་གནང་ཞིང་། དབྱི་པིང་སློབ་གླིང་དུ་ཕེབས་ནས་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས། མཐར་ཕྱིན་སློབ་མའི་གསར་སྐྲུན་ལས་སྐྲུན་གྱི་འཐུས་ཚབ་བརྩམས་ཆོས་ཀྱི་བཤམས་སྟོན་ལ་གཟིགས་ཤིང་སློབ་གྲྭས་ལས་ཞུགས་ལས་སྐྲུན་ལ་མཛུབ་སྟོན་དང་ཞབས་འདེགས་ཞུ་བའི་བྱ་བར་རྒྱུས་ལོན་མཛད། སློབ་གྲྭའི་མི་སྣ་གདན་ཞུ་ཚོམས་ཁང་དུ་ཁེ་ལས་ཀྱིས་མི་སྣ་གདན་ཞུ་བྱེད་པའི་སྒྲོག་འགྲེལ་འདུ་ཚོགས་སྤེལ་བཞིན་ཡོད་ལ། ཞི་ཅིན་ཕིང་གིས་དགེ་རྒན་དང་སློབ་མ། ཁེ་ལས་ཀྱི་འགན་འཁུར་པ་བཅས་ལ་ཁེ་ལས་ཀྱི་ལས་བཟོ་པ་བསྡུ་བའི་དགོས་མཁོ་དང་སློབ་མས་གན་རྒྱར་མིང་འགོད་པའི་ཚད་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་མཐོང་ཆེན་མཐོན་པོ་གནང་སྟེ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན། མིག་སྔར་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། ལས་གནས་ཀྱི་ཐོན་ཁུངས་སྔར་བས་སྔོག་འདོན་བྱས་ཏེ། དངོས་སྒྲུབ་ཞིབ་སྒྲུབ་སྒོས་ལས་ཞུགས་ལ་མཛུབ་སྟོན་དང་ཞབས་འདེགས་ཞུ་བ་དང་། སློབ་གྲྭ་དང་ཁེ་ལས། འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་སློབ་མའི་ལས་ཞུགས་གན་རྒྱ་དངོས་འབེབས་བྱེད་པའི་བྱ་བ་ནན་འཛིན་བྱེད་དགོས་པ་དང་། ལྷག་པར་དུ་དབུལ་ཐར་ཁྱིམ་ཚང་དང་མ་མཐའི་འགན་སྲུང་ཁྱིམ་ཚང་། ལས་ཞུགས་པ་མེད་པའི་ཁྱིམ་ཚང་། དེ་མིན་དབང་བོ་སྐྱོན་ཅན་དང་དུས་ཡུན་ཅུང་རིང་པོར་ལས་ཞུགས་མ་བྱས་པའི་སློབ་ཆེན་མཐར་ཕྱིན་སློབ་མ་བཅས་རོགས་སྐྱོར་བྱ་ཡུལ་གཙོ་བོར་བརྩི་དགོས། ཞི་ཅིན་ཕིང་གིས་སློབ་གྲོགས་རྣམས་ལ་གསུང་དོན། བདེ་སྐྱིད་ཀྱི་འཚོ་བ་ནི་ངལ་རྩོལ་ལ་བརྟེན་ནས་བསྐྲུན་པ་ཡིན། ཚང་མས་བབ་ཆགས་ཀྱི་སེམས་པ་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ཀྱི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་དགོས་མཁོར་སྤྱི་ཡོངས་ནས་བལྟས་ནས། དོན་དངོས་ནས་མགོ་བརྩམས་ཏེ་ལས་རིགས་དང་བྱ་བའི་ལས་གནས་འདེམས་པ་དང་། ངལ་རྩོལ་ལ་དགའ་ཞིང་ཏན་ཏན་ཏིག་ཏིག་གིས་ལག་ལེན་བྱས་ཏེ་གོམ་པ་རེ་རེ་བཞིན་འཚར་ལོངས་འབྱུང་དུ་འཇུག་དགོས། ཁོང་གིས་སློབ་གྲོགས་རྣམས་ལ་རང་རྟོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བཏབ་ནས་ཀུན་སྤྱོད་དང་བློ་རིག ལུས་ཕུང་། མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་འཕེལ་རྒྱས་འབྱུང་བར་ཧུར་བརྩོན་བྱེད་དགོས་པའི་སྐུལ་མ་གནང་།

དེའི་རྗེས། ཞི་ཅིན་ཕིང་གིས་ཅི་སྨི་འོད་གློག་ཚད་ཡོད་ཀུང་སི་རུ་རྟོག་ཞིབ་མཛད། ཁོང་ཀུང་སིའི་བཤམས་སྟོན་དང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས། ཁེ་ལས་ཀྱིས་རང་བདག་གསར་སྐྲུན་བྱེད་པ་དང་ཐོན་རྫས་གསར་གཏོད་དང་ཕྱིར་བཙོང་བྱེད་པ། ལས་ཞུགས་ལ་སྣེ་ཁྲིད་བྱེད་པ་དང་རང་ཡུལ་གྱི་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། དབུལ་སྦྲེལ་རོགས་སྐྱོར་སྲིད་ཇུས་བཏོན་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་སྤུས་དག་རྩེར་སོན་གྱི་ཁེ་ལས་ཧུར་བརྩོན་གྱིས་གསོ་སྦྱོང་བྱེད་པ་དང་། “གཟུགས་མེད་ཨང་དང་པོ”སྔར་བས་མང་པོ་བསྐྲུན་ནས། ཚན་རྩལ་གསར་སྐྲུན་གྱི་ཁྱུ་ཚོགས་ཆགས་སུ་འཇུག་དགོས།

རྟོག་ཞིབ་གནང་བའི་སྐབས་སུ། ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་མཐའ་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་ལེགས་པོར་སྒྲུབ་པ་བཅས་དང་། བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྲོལ་གཙང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་བཅས་ཧུར་བརྩོན་གྱིས་རྒྱུན་སྲུང་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པར་སྣང་ཚུལ་བཟང་པོ་ཞིག་བསྐྲུན་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་ཕན་མཐོ་སྒོས་གཅིག་འདོམས་ལེགས་པོ་བྱེད་པ་དང་། མིག་སྔར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་ཁག་ཁ་ཤས་བློ་ཐག་རྦད་ཆོད་ཀྱིས་སེལ་དགོས་པ་དང་། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། དཀའ་སྡུག་མང་ཚོགས་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཕྱོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པ་བཅས་ཀྱིས་མི་སེམས་བརྟན་བརླིང་ཡོང་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ཡོང་བ་རྒྱུན་སྲུང་བྱེད་དགོས། རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན། “འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་འགྱུར་བ་སྤུ་ཙམ་ཡང་མེད་པར་རྒྱུན་འཁྱོངས་བྱེད་པ་དང་། ཡིད་ཆེས་བརྟན་པོ་བྱེད་པ། འགལ་རྐྱེན་སེལ་བ། རྣམ་གཡེང་གི་བསམ་པ་ལས་རྒྱལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་བྱ་བ་དམ་འཛིན་དངོས་འཛིན་བྱེད་པ་བཅས་ཀྱིས་ཐོབ་སླ་མོ་མིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་བློ་ཐག་རྦད་ཆོད་ཀྱིས་སྲ་བརྟན་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེ་ལམ། རང་རྒྱལ་གྱི་ས་ཆ་ཁ་ཤས་ལ་ཆུ་ལོག་དང་ས་གཤིས་ཀྱི་གནོད་སྐྱོན་བྱུང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ཆུ་ལོག་ཆེན་པོའི་སྔོན་འགོག་དང་ཉེན་ཁ་ཆེན་པོའི་སྔོན་འགོག གནོད་སྐྱོན་ཆེན་པོ་འགོག་པ་བཅས་ལ་རྐང་ཚུགས་ཏེ། སྔ་མོ་ནས་བྲེལ་བསྟུན་གྲ་སྒྲིག་སྣ་ཚོགས་ལེགས་པོ་བྱས་པ་དང་གནོད་སྐྱོན་སྔོན་འགོག་གི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་བཏང་བས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་འགན་སྲུང་ཐོབ། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ཉེན་སེལ་བྱེད་པ་ཇེ་དྲག་ཏུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་གཙོ་བོའི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་བྱེད་པ། ཆར་ཆུ་དང་རླུང་འཚབ་དྲག་པོ། ཆུ་ལོག འདམ་རུད་སོགས་ཀྱི་སྔོན་བརྡ་སྔོན་བསྒྲགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། འགྲིམ་འགྲུལ་ཤར་གཏོང་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་བཅས་ཀྱིས་ཆུ་ལོག་སྔོན་འགོག་དང་མུག་སྐྱོབ་ཀྱི་བྱེད་ཐབས་སྣ་ཚོགས་ཞིབ་སྒྲུབ་དངོས་སྒྲུབ་བྱེད་དགོས། གནོད་སྐྱོན་བྱུང་རྗེས། མྱུར་དུ་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ཉེན་ཁ་མྱུར་སྐྱོབ་དང་གནོད་སྐྱོན་སེལ་ཐབས་བྱས་ཏེ་གནོད་སྐྱོན་བསྐྱར་དུ་འབྱུང་བར་སྔོན་འགོག་ནན་མོ་བྱས་ནས། ཚད་བཀག་ཆེས་ཆེ་བའི་སྒོ་ནས་མི་སྣའི་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཇེ་ཆུང་དུ་གཏོང་དགོས། ཉེན་ཁ་མྱུར་སྐྱོབ་དང་གནོད་སྐྱོན་སེལ་ཐབས་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་མཉམ་དུ་ཐོན་སྐྱེད་དང་འཚོ་བའི་གོ་རིམ་གང་མྱུར་གྱིས་སླར་གསོ་བྱེད་པ་དང་། གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་སྐྱོབ་རོགས་དང་འཕྲོད་བསྟེན་སྔོན་འགོག་གི་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབས་ནས། གནོད་སྐྱོན་ཐེབས་ནས་ཕྱིར་དབུལ་ཕོངས་སུ་འགྱུར་བ་དང“གནོད་སྐྱོན་ཚབས་ཆེན་རྗེས་སུ་རིམས་ནད་ཚབས་ཆེན་འབྱུང་བ”སྔོན་འགོག་བྱེད་དགོས།

ཏིང་ཞེ་ཞང་། ལིའུ་ཧོ། ཁྲེང་ཞི། ཧི་ལི་ཧྥེང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྣམས་རྟོག་ཞིབ་ཏུ་ཕེབས་རོགས་གནང་།

ཚེས9ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཁྲེན་ཏུའུ་གྲོང་ཁྱེར་ནས་ཁྲེན་ཏུའུ་རུ་སྡོད་པའི་དམག་དཔུང་གི་ཏ་ཞའོ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། སྒྲིག་གཞི་ཚོགས་པའི་དམག་དཔོན་གཙོ་བོ་རྣམས་ལ་མཛའ་བརྩེ་ལྡན་པའི་ངང་ནས་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་དེ། ཁྲེན་ཏུའུ་རུ་སྡོད་པའི་དམག་དཔུང་གི་དཔོན་དམག་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་མཉམ་པར་བསྐྱོན། ཞི་ཆི་ལིང་གིས་མཇལ་འཕྲད་གནང་རོགས་མཛད། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།