ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་བཞི་བཅུ་འཁོར་བར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་བཞི་བཅུ་འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། ཐེབས་རྩ་ཚོགས་པའི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ཐེབས་རྩ་ཚོགས་པའི་བྱ་བའི་ཐད་བྱས་རྗེས་འབུལ་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣ་ཡོངས་ལ་ལྷག་བསམ་ཟོལ་མེད་སྒོས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལོ་ངོ་བཞི་བཅུའི་རིང་ལ། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ཚོགས་པས་སུང་ཆིང་ལིན་མཆོག་གི་བླ་ན་མེད་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། མཚོ་འགག་འགྲམ་གཉིས་དང་ཞང་ཀང་དང་ཨོ་མིན་བར་གྱི་བརྗེ་རེས་བྱེད་རྒྱ་ཆེ་རུ་བསྐྱེད་པ གཞོན་ནུ་ལོ་ཆུང་གི་བྱ་གཞག་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ཚོགས་པས་སུང་ཆིང་ལིན་མཆོག་གི་དུས་ནམ་ཡང་ཏང་དང་མཉམ་དུ་གནས་པའི་དད་སེམས་ལྟར་དུ།  ཞི་བདེ་དང་གཅིག་གྱུར། མ་འོངས་པ་བཅས་ཀྱི་དམིགས་ཡུལ་ལག་བསྟར་བྱེད་རྒྱུ་དང་། དུས་རབས་ཀྱི་བརྗོད་སྙིང་ཁོང་དུ་ཆུད་པར་བྱེད་པ། ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱེད་པ། ཕྱི་ཕྱོགས་དང་དམངས་ཁྲོད་ཀྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མེས་རྒྱལ་གྱི་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ། གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་པར་འགྱུར་རྒྱུར་རོགས་རམ་བྱེད་པ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པའི་ཐུགས་རེ་བཏོན།

ཟླ་ལྔ་པའི་ཚེས་སོ་གཅིག་ཉིན། ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་དུ། ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་བཞི་བཅུ་འཁོར་བའི་རིང་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཐེབས་རྩ་ལྷན་ཚོགས་ཀྱིས་དུས་རབས་གསར་པར་བཟུང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་ཐད་ནས་བླང་བྱ་གསལ་པོ་བཏོན་པ་དེའི་སྟེང་ནས། ཏང་ཀྲུང་དབྱང་གིས་ཐེབས་རྩ་ཚོགས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་རེ་ཟབ་མོ་གནང་བ་མཚོན་པ་དང་། དུས་རབས་གསར་པའི་ཐེབས་རྩ་ཚོགས་པའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོའི་སུང་ཆིང་ལིན་ཐེབས་རྩ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་གནས་ཐིག་བརྟན་སྲུང་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པར་མཚོན་པ། སྤྱི་ཕན་རང་བཞིན་མངོན་གང་ཐུབ་བཅས་བྱས་ནས། དུས་རབས་གསར་པའི་ཐེབས་རྩ་ཚོགས་པའི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་ཚོགས་ཐོག་ནས་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ལིས་པིན་གྱིས་ཤིས་ཚིག་ཕུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།