ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་སྨན་བཅོས་བཅོས་སྒྱུར་ཀྱི་གཙོ་གནད་ལས་འགན་གཏན་ཁེལ་གསལ་བོ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི2022ལོའི་གཙོ་གནད་ལས་དོན་གྱི་ལས་འགན》(གཤམ་དུ《ལས་འགན》ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས་པ་རེད། 

《ལས་འགན》ཁྲོད2022ལོའི་གཙོ་གནད་ལས་འགན་བཏོན་པ་སྟེ། གཅིག་ནི་གོ་རིམ་ལྡན་པའི་ངང་སྨན་བཅོས་དང་ནད་བརྟག་སྨན་བཅོས་བྱེད་པའི་རྣམ་པ་གསར་པ་སྐྲུན་ཚད་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་སྣེ་ཁྲིད་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིང་ཆེན་རིམ་པའི་ཆུ་ཚད་མཐོ་བའི་སྨན་ཁང་གི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། གྲོང་ཁྱེར་དང་རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། རིམ་དབྱེའི་སྨན་བཅོས་དང་སྨན་བཅོས་སྒྲིག་ལམ་ལེགས་སུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས་ནི་སན་མིན་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་ཉམས་མྱོང་ཁྱབ་སྤེལ་གཏིང་ཟབ་ཏུ་གཏོང་དགོས། སན་མིན་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་ཉམས་མྱོང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་རྫས་དང་རྒྱུ་ཆས་གཅིག་བསྡུས་ཀྱིས་འབོར་ཆེའི་ཉོ་སྒྲུབ་བྱ་བ་སྤེལ་བ། སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་སྒྱུར་ལ་སྐུལ་སྤེལ་བྱས་ཏེ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་བཅོས་སྒྱུར་ལ་སྐུལ་སྤེལ་དང་། གཞུང་གཉེར་སྨན་ཁང་གི་མི་དོན་ཕོགས་ཐོབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་བསྡུས་ཀྱིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། གསུམ་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་དགོས། ནད་རིགས་འགོག་སྡོམ་བྱེད་ནུས་ཆེ་རུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་མཉམ་ལས་ལ་ཤུགས་སྣོན་པ། གསར་དུ་བདམས་པའི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཡག་པོ་བྱེད་པ། བདེ་ཐང་གི་ཀྲུང་གོའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། བཞི་ནི་སྨན་བཅོས་འཕྲོད་བསྟེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་མ་དངུལ་འཇོག་པའི་སྐུལ་སློང་ནུས་པ་འདོན་སྤེལ། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཕེལ་རྒྱས་ལ་སྐུལ་འདེད། སྨན་རྫས་མཁོ་སྤྲོད་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད། འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བཅས་བྱེད་དགོས། 

《ལས་འགན》ཁྲོད་གཙོ་གནད་ལས་འགན་སོ་སོའི་འགན་འཁྲི་ལས་བགོས་ཁ་གསལ་བྱས་ནས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཚན་ས་སོས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། སྨན་བཅོས་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པར་ནན་བཤད་བྱས་ཡོད། ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་ཚོད་ལྟའི་ཞིང་ཆེན་གྱིས་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་བཅོས་སྒྱུར་མགོ་ཁྲིད་ཚོ་ཆུང་གི་དྲུང་ཡིག་ཁྲུའུ་དང་ས་གནས་སོ་སོའི་སྨན་བཅོས་བཅོས་སྒྱུར་མགོ་ཁྲིད་ཚོ་ཆུང་གི་སྣེ་ཁྲིད་མཐུན་སྦྱོར་སྒྲིག་གཞིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར། ལྟ་སྐུལ་སློབ་སྟོན་བཅས་ཀྱི་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་བཅོས་བཅོས་སྒྱུར་ལ་ལྟ་ཞིབ་ཚད་ལེན་བྱེད་པ། ལས་འགན་རྩིས་ཁྲ་བཟོ་བ། དུས་བཀག་ལྟར་བཀོད་གཏོང་དང་བརྡ་ཁྱབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བཏབ་སྟེ་བཅོས་སྒྱུར་ཀྱི་ངོས་འཛིན་གཅིག་མཐུན་གོང་བུ་གཅིག་ཏུ་འགྲིལ་དགོས།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།