ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས16ཉིན། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། 

ཚོགས་འདུས་ནན་གྱིས་བསྟན་དོན། མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ཁྲོམ་ར་ཅན་གྱི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ། ཧུར་ཐག་གིས་ལས་ཞུགས་ཞབས་ཞུའི་གནད་སྨིན་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏང་དགོས། དམིགས་སའི་རང་བཞིན་གྱི་རྩལ་ནུས་གསོ་སྦྱོང་མང་བོ་རྩ་འཛུགས་བྱས་ནས་ལས་ཞུགས་ལྟ་སྦྱོང་གི་གཞི་ཁྱོན་ཆེ་རུ་བཏང་སྟེ། མཐར་ཕྱིན་སློབ་མའི་སྟབས་བསྟུན་ལས་ཞུགས་དང་རང་བརྟེན་ལས་གཏོད་ལ་རྒྱབ་སྐྱོར་བྱེད་དགོས། ལས་ཞུགས་ཐུབ་མེད་པའི་མཐར་ཕྱིན་སློབ་མར་དངོས་ཐོག་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་ཐ་སྐྱོང་འགན་ལེན་ཡག་པོ་བྱེད་པ་དང་། ལོ་སྔོན་མ་དག་གི་ལས་ཞུགས་ཐུབ་མེད་པའི་མཐར་ཕྱིན་སློབ་མ་ལས་ཞུགས་ཁྲོམ་རའི་ནང་གང་མགྱོགས་ཞུགས་པར་རོགས་རམ་བྱེད་དགོས། ལས་ཞུགས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་མཐར་ཕྱིན་སློབ་མའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་དགོས། 

ཚོགས་འདུས་བསྟན་དོན། ཁྲོམ་ར་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས། སྤྱི་ཚོགས་འགན་བཅོལ་ཁ་གསབ་དང་ལས་གཏོད་དངུལ་བུན། ཁྲལ་གྲོན་ཆག་ཡང་དང་རྩ་ཆག་སོགས་བྱེད་ཐབས་སྤྱད་ནས་ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པར་བསྐྱོད་བར་ཁྲིད་སྟོན་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས། རིགས་སོ་སོའི་སློབ་རིམ་འཕར་བ་དང་ལས་རིགས་ཐོབ་ཐང་རྒྱུགས་ལེན་བསྡུ་ལེན་ལས་དོན་རྩ་འཛུགས་ཡག་པོ་བྱེད་དགོས། དམིགས་སའི་རང་བཞིན་ལྡན་པའི་ལས་ཞུགས་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། སློབ་ཆེན་སློབ་མར་ལས་ཞུགས་ཀྱི་ལྟ་བ་དང་གདམ་གའི་ལྟ་བ་ཡང་དག་འཛུགས་པར་རོགས་རམ་བྱས་ཏེ། ཡོང་འབབ་དམའ་བའི་ཁྱིམ་ཚང་དང་རིམས་ནད་བྱུང་བའི་ས་ཁུལ་གྱི་མཐར་ཕྱིན་སློབ་མར་གནད་སྨིན་རོགས་སྐྱོར་བྱེད་པ་དང་། མཐོ་སློབ་ཀྱི་རིག་ཚན་གྱི་ཆེད་ལས་བཀོད་སྒྲིག་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས། འཇོན་མི་གསོ་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་འཚམ་ཚད་ཆེ་རུ་གཏང་དགོས། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་ལས་ཞུགས་རྒྱ་ཆེར་གཏོང་བར་ཕན་པའི་སྲིད་ཇུས་བྱེད་ཐབས་ཞིབ་ཚགས་དང་ཏན་ཏིག་ཏུ་བཏང་ནས། མཐོ་སློབ་མཐར་ཕྱིན་སློབ་མ་གང་ལེགས་དང་སྤུས་ཚད་མཐོ་བའི་ངང་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།