ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ས་གནས་སོ་སོས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས15ཉིན་ནི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཡིན་པས། ད་ལོའི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་བརྗོད་བྱ་ནི“དབང་བོ་སྐྱོན་ཅན་གྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ། དབང་བོ་སྐྱོན་ཅན་གྱི་ཁེ་ཕན་ལ་འགན་སྲུང་བྱེད་པ”ཞེས་པ་དེ་ཡིན། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་བརྗོད་བྱར་དམིགས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དང་ཡོང་འབབ་འཕར་བ་གཙོ་གནད་བཟུང་ནས། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་བ་རེད། 

ཉིན་འགའི་སྔོན་ལ། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཡུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་དོན་སྔར་ལས་ལྷག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆེད་དུ་ཞིབ་འཇུག་བྱས་ཤིང་། དབང་བོ་སྐྱོན་ཅན་གྱི་བྱ་བར་རོགས་སྐྱོར་བྱེད་པའི་ཐད་ནས་བླང་བྱ་གསལ་བོ་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སློབ་གསོ་པུའུ་དང་དམངས་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག13དང་མཉམ་དུ་ཉེ་ལམ་བརྡ་ཐོ་དཔར་འགྲེམ་བྱས་ཏེ། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བྱེད་ཐབས་ནུས་ལྡན་སྤྱད་དེ་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། དབང་བོ་སྐྱོན་ཅན་ལ་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ་དགོས་པའི་བླང་བྱ་བཏོན། 

དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་སྐབས་སུ། ས་གནས་སོ་སོས་སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་དང་དབང་བོ་སྐྱོན་ཅན་གྱི་འཇོན་མི་བརྗེ་རེས་བྱ་འགུལ་སྤེལ་མགོ་བརྩམས་ཏེ། དོན་དངོས་དང་བསྟུན་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བྱ་བར་རོགས་སྐྱོར་བྱས། ཧོ་པེ་དང་ཧུའུ་པེ། ཧུའུ་ནན་སོགས་ས་ཁུལ་གྱིས་དམངས་གཉེར་ཁེ་ལས་ཀྱི་གདན་ཞུ་བྱ་འགུལ་སྤེལ་བ་དང་། ཧྲན་ཏུང་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མར་དམིགས་ཏེ་རོགས་སྐྱོར་བྱ་འགུལ་སྤེལ། ཅང་སུའུ་ཞིང་ཆེན་གྱིས་ནུས་རྩལ་འགྲན་བསྡུར་ལ་བརྟེན་ནས་དབང་བོ་སྐྱོན་ཅན་གྱི་ལས་རིགས་ནུས་རྩལ་གྱི་གསོ་སྦྱོང་སྤུས་ཚད་ཇེ་མཐོར་བཏང་། ཨན་ཧྭའེ་དང་ཡུན་ནན་སོགས་ས་ཁུལ་གྱིས་ལོང་བས་སྐུ་མཉེ་སྨན་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ད་ལོའི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ནས་བཟུང་། དམངས་སྲིད་པུའུ་དང་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ནས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་གཉིས་ཀྱི་རེ་ཞུ་གོ་རིམ་ཡོངས་རྫོགས་དྲ་ཐོག་ནས་སྒྲུབ་རྒྱུ་ལག་བསྟར་བྱས་ཏེ། དབང་སོ་སྐྱོན་ཅན་ལ་སྟབས་བདེ་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།