ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་སོ་སོར་ཁི་ལོ་ཏིས་ཡའི་ཙུང་ཐུང་དང་ཙུང་ལི་ལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁི་ལོ་ཏིས་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མིས་ལཱ་ནའོ་ཝུའེ་ཆིས་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁི་ལོ་ཏིས་ཡའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་རིང་ལ། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ཡོད་ཅིང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་ཚོགས་ཐེག་ཐུབ་ཡོད།  ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་སྐྲུན་བྱ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད།

པྲོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་མདུན་དུ། རྒྱལ་ཁབ་གཉིས་ཀས་མཉམ་དུ་རིམས་ནད་འགོག་སྡོམ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་གྱི་ལེའུ་གསར་པ་བརྩམས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་གང་ལེགས་བྱས་ནས། ཙུང་ཐུང་མིས་ལཱ་ནའོ་ཝུའེ་ཆིས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀའི་བར་གྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཕྱོགས་གཉིས་ཀའི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་བར་མཉམ་དུ་ཁྲིད་སྟོན་བཅས་བྱས་མཐར། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

མིས་ལཱ་ནའོ་ཝུའེ་ཆིས་ཀྱིས་བསྟན་དོན། ཁི་ལོ་ཏིས་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད། ཕྱོགས་གཉིས་ཀས་མུ་མཐུད་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཕན་ཚུན་བར་གྱི་རོགས་རེས་འབྲེལ་བ་ཟབ་ཏུ་གཏོང་བ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བསྐྱེད་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པའི་ངང་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁི་ལོ་ཏིས་ཡའི་ཙུང་ལི་ཕུའུ་ལིན་ཁི་ཝུའེ་ཆིས་ལ་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་བསྟན་དོན།  རྒྱལ་ཁབ་གཉིས་ཀའི་དངོས་གཉེར་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོབ། ཕའེ་ལེ་ཧྲ་ཚི་ཟམ་ཆེན་དང་སའེ་ཉིས་རླུང་གློག་སོགས་གཉིས་ཕན་གཉིས་རྒྱལ་ལས་གཞིས། རྒྱལ་ཁབ་གཉིས་དང་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁི་ལོ་ཏིས་ཡ་ཕྱོགས་ཀྱི་འབྲེལ་གཏུག་བརྗེ་རེས་ལ་ཤུགས་སྣོན་པ་དང་། སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་སྐྱེད་པ་བཅས་བྱས་ནས། ཕྱོགས་གཉིས་ཀའི་འབྲེལ་བ་གཏིང་ཟབ་དུ་གཏོང་བ་དང་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད། ཕུའུ་ལིན་ཁི་ཝུའེ་ཆིས་ཡིས་བསྟན་དོན། ལོ་ངོ་སུམ་ཅུའི་རིང་ལ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཁི་ལོ་ཏིས་ཡ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་གང་མང་འདོན་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པའི་ངང་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་དང་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།