ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་རིམས་ནད་གནས་བབ་སྤྱི་ཡོངས་ནས་མུ་མཐུད་དུ་མར་ཆག་པའི་རྣམ་པ་མངོན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་ཚེས13ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པའམ་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨི་ཧྥེང་གིས་མཚམས་སྦྱོར་བྱེད་རྒྱུར། ཉེ་བའི་ཉིན་འགའི་རིང་རང་རྒྱལ་དུ་ས་གནས་རང་གི་ནད་པ་དང་ནད་རྟགས་མེད་པའི་ནད་པ་མུ་མཐུད་དུ་ཇེ་ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་ས་ཆ་ཁག་གཅིག་ཏུ་ས་གནས་དེ་གར་མཆེད་པའི་གནས་ཚུལ་ལ་རྦད་དེ་འགོག་སྡོམ་ཐུབ་མེད་པས། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་ཡིན་ཟེར།

“ཉེ་དུས་རྒྱལ་ཡོངས་སུ་རིམས་ནད་ཐོན་ཚད་མུ་མཐུད་དུ་མར་ཆག་པའི་རྣམ་པ་མངོན་པ་དང་། ཟླ5པའི་ཚེས5ཉིན་ནས་བཟུང་། རྒྱལ་ཡོངས་སུ་ཉིན་རེར་རང་སའི་ནད་པ་གསར་སྣོན་བྱུང་ཚད་ནད་པ5000ལས་དམའ་བ་དང་། ཟླ5པའི་ཚེས12ཉིན་ལ་རྒྱལ་ཡོངས་སུ་གསར་སྣོན་བྱུང་པའི་ནད་པ2300ལ་མར་ཆག་པ་རེད།”ཞེས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་རིམ་པ་དང་པོའི་སྐོར་ཞིབ་པ་ལུའེ་ཀྲེང་ལུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། ཧྲང་ཧའེ་གྲོང་ཁྱེར་གྱི་རིམས་ནད་བྱུང་ཚུལ་སྤྱི་ཡོངས་ནས་ལེགས་ཕྱོགས་སུ་འཕེལ་ཡོད། ཅི་ལིན་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གཙང་སེལ་བྱེད་པའི་དུས་མཚམས་སུ་གནས་ལ། པེ་ཅིང་གྲོང་ཁྱེར་གྱི་ཉེ་ཆར་གསར་འཕར་བྱུང་བའི་རིམས་ནད་ཕོག་མཁན་གྱི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ལ། སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་དམིགས་སའི་རང་བཞིན་དང་ཕན་འབྲས་ལྡན་པ་མངོན་ཡོད། འོན་ཀྱང་སྡེ་ཁུལ་དུ་ཁྱབ་པའི་ཉེན་ཁ་ད་དུང་རྦད་དེ་གཏན་འགོག་བྱེད་ཐུབ་མེད། སི་ཁྲོན་ཀོང་ཨན་གྱི་རིམས་ནད་ད་དུང་འཕེལ་རྒྱས་འགྲོ་བཞིན་ཡོད་པས། མགྱོགས་མྱུར་ངང་བརྟག་ཞིབ་དང་དོ་དམ་ཚོད་འཛིན་བྱེད་དགོས། ཧོ་ནན་དང་ཅང་སུའུ། ཀྲེ་ཅང་། ཅང་ཞི། ལེའོ་ཉིང་སོགས་ཀྱི་རིམས་ནད་གནས་བབ་རིམ་བཞིན་བརྟན་བརླིང་དུ་འགྲོ་བཞིན་ཡོད་ནའང་། སྔར་བཞིན་མགྱོགས་མྱུར་ངང་གཙང་སེལ་བྱེེད་པར་འབད་དགོས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ཆེད་མཁས་པའི་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་ཧའོ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཨོ་སྨི་ཁེ་རུང་རིམས་དུག་གི་ཁྱད་ཆོས་ལ་དམིགས་ཏེ་རང་རྒྱལ་གྱིས་སྒོ་སྡོམ་རྒྱག་པ་དང་། དོ་དམ་བྱེད་པ། ཚོད་འཛིན་བྱེད་པ་བཅས་ཀྱི་དུས་ཚོད་སྔར་བས་ཇེ་མགྱོགས་སུ་བཏང་བ་དང་གཅིག་སྡུད་ལོགས་བཀར་གྱི་དུས་ཚོད་ཇེ་ཐུང་དུ་བཏང་ཞིང་། པེ་ཅིང་གིས་འབྲེལ་འདྲེས་དམ་ཟབ་བྱེད་མཁན་གཅིག་སྡུད་ལོགས་བཀར་དུས་ཡུན་དེ་སྔོན་ཆད་ཀྱི་ཉིན14ནས་ཉིན10བར་ཇེ་ཐུང་དུ་བཏང་ཡོད། ས་གནས་ཁག་གི་གནས་ཚུལ་མི་འདྲ་བར་གཞིགས་ནས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བྱེད་ཐབས་ཀྱང་ཟམ་མི་ཆད་པར་ཇེ་ལེགས་སུ་གཏོང་བཞིན་ཡོད་ཟེར།

ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་ཆེ་གྲས་སུ་རྐང་ཐང་དུ་སྐར་མ15རིང་བསྐྱོད་པའི་ཉིང་སྐྱུར“དཔེ་ལེན་ཁུལ”འཛུགས་རྒྱུའི་ནན་བཤད་བྱས་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་སྲིད་སྨན་བཅོས་དོ་དམ་ཅུའུ་ཡི་ཆེད་དམིགས་ལྟ་ཞིབ་པ་ཀའོ་ཡན་ཧུང་གིས་ཕྱོགས་གཅིག་ནས་སྤྱི་དམངས་ཀྱིས་ཐག་ཉེ་ས་དང་སྟབས་བདེ་སར་ཉིང་སྐྱུར་ཞིབ་དཔྱད་དང་ལེན་བྱ་རྒྱུར་ཕན་པ་ཡོད་ལ། ཕྱོགས་གཞན་ནས་འགོས་མཁན་སྔ་མོ་ནས་ཤེས་རྟོགས་བྱུང་ནས་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་བའི་ཤེས་ཚོར་ནུས་པ་ཆེ་རུ་འགྲོ་རྒྱུར་ཡང་ཕན་པ་ཡོད་ཟེར།

ཟླ5པའི་ཚེས12ཉིན་བར་དུ། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་རིམས་འགོག་གི་སྨན་ཁབ་ཐེངས་དུང་ཕྱུར33དང་ཁྲི5857.6བརྒྱབ་པའི་སྙན་ཞུ་ཕུལ་ཡོད་པ་དང་། འགོག་ཁབ་ཆ་ཚང་བརྒྱབ་པའི་མི་དུང་ཕྱུར12དང་ཁྲི5259.2ཡོད། ལོ60དང་དེའི་ཡན་གྱི་ལོ་ལོན་ལ་འགོག་ཁབ་བརྒྱབ་ཚད་མི་ཐེངས་དུང་ཕྱུར2དང་ཁྲི2823.6ལ་སླེབས་པ་དང་། འགོག་ཁབ་ཆ་ཚང་བརྒྱབ་པའི་མི་གྲངས་དུང་ཕྱུར2དང་ཁྲི1625.3ཡོད། ཁྱབ་ཚད་དང་འགོག་ཁབ་ཆ་ཚང་བརྒྱབ་པའི་མི་གྲངས་ཀྱིས་སོ་སོར་ལོ་ལོན་མི་གྲངས་ཀྱི86.44%དང81.9%ཟིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།