ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་སུ་ལོ་ཝུན་ཉི་ཡའི་སྲིད་འཛིན་ཕ་ཧོ་ཨར་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་རེས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སུ་ལོ་ཝུན་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕ་ཧོ་ཨར་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་རེས་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སུ་ལོ་ཝུན་ཉི་ཡ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ30རིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ལ། གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་མང་པོ་བླངས་ཤིང་། མི་ཆོས་བརྗེ་རེས་ཉིན་རེ་བཞིན་ཇེ་མང་དུ་སོང་སྟབས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དོན་གྱི་ཁེ་ཕན་ཐོབ་པ་རེད། པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏོད་ཆེད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་བར་ལྟ་སྐྱོང་བྱས་པ་ནི་ཀྲུང་གོ་དང་སུ་ལོ་ཝུན་ཉི་ཡ་བར་གྱི་མཛའ་འབྲེལ་གཏིང་ཟབ་དུ་བཏང་བ་མཚོན་ཡོད། 

ཞི་ཅིན་ཕིང་གིས། ངེད་ཀྱིས་མཐོ་ཚད་ནས་ཀྲུང་གོ་དང་སུ་ལོ་ཝུན་ཉི་ཡ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། སྲིད་འཛིན་ཕ་ཧོ་ཨར་དང་མཉམ་དུ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པ་དེ་མགོ་འཛུགས་ས་གསར་བ་ཞིག་ཏུ་རྩིས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འདི་ཉིད་དམ་འཛིན་བྱ་རྒྱུ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་པར་ཤུགས་བསྣན་རྒྱུ། དངོས་དོན་གྱི་མཉམ་ལས་གཏིང་ཟབ་དུ་སྤེལ་བ་བཅས་བྱས་ཏེ། ཀྲུང་གོ་དང་སུ་ལོ་ཝུན་ཉི་ཡ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་ནན་གྱིས་གསུངས། 

ཕ་ཧོ་ཨར་གྱིས་ཀྲུང་གོས་ཁྱབ་ཁོངས་མང་པོའི་ཐད་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཀྲུང་གོ་དང་སུ་ལོ་ཝུན་ཉི་ཡ་བར་གྱི་འབྲེལ་བ་ཆུ་བོའི་རྒྱུན་བཞིན་རིང་ལ། ཕྱི་འབྲེལ་བཙུགས་ནས་ལོ་ངོ30རིང་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དཔལ་འབྱོར་ཉོ་ཚོང་ཐད་ཕན་ནུས་མངོན་གསལ་ལྡན་པ་དང་། མུ་མཐུད་དུ་ཁྱབ་ཁོངས་རྒྱ་བསྐྱེད་ཅིང་། གངས་འཁྱགས་ལུས་རྩལ་དེ་མཉམ་ལས་ཀྱི་བཀྲག་མདངས་ཚེར་ས་གསར་བར་གྱུར། ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་མི་ཡིན་པའི་ཆ་ནས། སུ་ལོ་ཝུན་ཉི་ཡས་ཧུར་ཐག་སྒོས་ཡོ་རོབ་གླིང་དང་ཀྲུང་གོ་བར་གྱི་འབྲེལ་བའི་ཐད་ཤུགས་སྣོན་པར་རྒྱབ་སྐྱོར་བྱས་ཏེ། མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་ཕྱོགས་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་ཁེ་བསྐྲུན་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།