ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ནས་ས་མུའུ་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་གཉིས་ལ་རྨོ་འདེབས་བྱས་ཚར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མིག་སྔར། འབྲུ་རིགས་ཐོན་ཁུལ་གཙོ་བོས་ཞིང་ལས་ཀྱི་དུས་ཚོད་དམ་འཛིན་བྱས་ཏེ་རྨོ་འདེབས་གང་ལེགས་བྱེད་ཀྱིན་ཡོད། རྒྱལ་ཡོངས་ནས་ཁྱོན་བསྡོམས་ཞིང་ས་མུའུ་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་གཉིས་ལ་རྨོ་འདེབས་བྱས་ཚར་ཡོད་ཅིང་། རྒྱལ་ཡོངས་ནས་བཤད་ན་རྨོ་ཞིང་རྒྱ་ཁྱོན་གྱི་ཕྱེད་ཀ་ཙམ་ཡོངས་འགྲུབ་བྱས་ཡོད་པས། དེ་ནི་ན་ནིང་གི་དུས་སྐབས་དང་བསྡུར་ན་རྨོ་འདེབས་བྱེད་ཚད་ཇེ་མགྱོགས་སུ་སོང་ཡོད།

ཉེ་བའི་ཉིན་གཉིས་ཀྱི་རིང་ལ། བྱང་ཤར་ས་ཁུལ་གྱི་རྨོ་འདེབས་ཚད་ཉིན་རེར་མུའུ་ཁྲི་སྟོང་གཉིས་དང་བཞི་བརྒྱ་ཙམ་ལ་སླེབས།

ད་ལོར་ཀྲུང་དབྱང་གིས་བྱང་ཤར་ས་ཁུལ་དུ་ས་ནག་སྲུང་སྐྱོབ་རང་བཞིན་གྱི་རྨོ་འདེབས་རྒྱ་ཁྱོན་མུའུ་ཁྲི་སྟོང་བརྒྱད་ཀྱིས་ཇེ་མང་དུ་བཏང་ཡོད།  ལེའོ་ཉིན་ཞིང་ཆེན་གྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་སྔོན་ལ་ས་གནས་སོ་སོར་ཕྱིན་ཡོད་ཅིང་། ས་ཞིང་སྲུང་སྐྱོབ་རང་བཞིན་གྱི་ཞིང་ས་མུའུ་ཁྲི་ལྔ་བརྒྱ་ལ་རྨོ་འདེབས་བྱས།  ཐེ་ལིང་རྫོང་གྲོང་ནན་པའོ་སྡེ་བས་ད་ལོ་ནས་བཟུང་། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་འགོ་བརྩམས་པ་དང་། སོག་མ་གཙང་སེལ་དང་གཏིང་ཟབ་སར་འདེབས་པ། རྨོ་འདེབས་བཅས་ཀྱི་ལས་རིམ་གསུམ་ཐེངས་གཅིག་ལ་ཡོངས་འགྲུབ་བྱས།

ད་ལོར་ཀྲུང་དབྱང་གིས་སྲན་ཆེན་དང་སྣུམ་རྒྱུ་ཐོན་ནུས་མཐོར་གཏོང་བཟོ་སྐྲུན་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཧོ་པེ་དང་ཅང་སུའུ་སོགས་ཞིང་ཆེན་བཅུ་དྲུག་ཏུ་སྲན་ཆེན་དང་མ་རྨོས་ལོ་ཏོག་གི་མཉམ་འདུས་འདེབས་འཛུགས་ཁྱབ་བརྡལ་བཏང་བས། སྔོན་དཔག་བྱས་ན་མུའུ་ཁྲི་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཟིན་རྒྱུ་རེད།

ཅང་སུའུ་ཡིས་སྲན་ཆེན་དང་མ་རྨོས་ལོ་ཏོག་གི་མཉམ་འདུས་འདེབས་འཛུགས་མུའུ་ཁྲི་དྲུག་ཅུ་ཁྱབ་བརྡལ་གཏོང་རྒྱུ་དང་། སྒོར་ཁྲི་སྟོང་གཅིག་དང་ཉིས་བརྒྱ་བཀོད་སྒྲིག་བྱས་ཏེ། ལག་རྩལ་གཅིག་སྡུད་ཀྱི་དཔེ་སྟོན་ལས་གཞི་གལ་ཆེན་ལག་བསྟར་བྱས་ནས། སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བཞི་བཏང་ནས་ཆེད་སྤྱོད་ཞིང་འཕྲུལ་ཡོ་བྱད་ལ་ཆེད་དམིགས་ཁ་གསབ་སྟེར་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།