ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུས་ཏེ། མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་གི་རྣམ་པར་དབྱེ་ཞིབ་དང་རིམས་ནད་སྔོན་འགོག་གི་བྱ་བ་གཙོ་བོར་ཏན་ཏིག་སྒོས་བསྒྲུབ་དགོས་པའི་བྱེད་ཐབས་བཀོད་སྒྲིག་དང་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཚོགས་འདུའི་སྟེང་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱི་འགོག་ནང་འདྲེན་དང་ནང་འགོག་བསྐྱར་ལངས་མི་འབྱུང་བ་མཐའ་འཁྱོངས་དང་། འགུལ་རྣམ་གཙང་སེལ་མཐའ་འཁྱོངས། དུས་བབ་དང་བསྟུན་ནས་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས། ད་ལོའི་ཟླ3པ་ནས་བཟུང་། རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྟོབས་ཤུགས་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་པ་བརྒྱུད། ང་ཚོས་ཝུའུ་ཧན་ལ་སྲུང་སྐྱོབ་བྱེད་པའི་དམག་འཁྲུག་ལངས་ཚུན་དུ་ཚོད་བགམ་ནན་ཤོས་ཐེག་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། ལག་ལེན་ལས་ར་སྤྲོད་བྱས་དོན། ང་ཚོའི་འགོག་སྡོམ་བྱེད་ཕྱོགས་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱིས་ཐག་བཅད་པ་དང་། ང་ཚོའི་འགོག་སྡོམ་སྲིད་ཇུས་ནི་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ། ང་ཚོའི་འགོག་སྡོམ་བྱེད་ཐབས་ནི་ཚན་རིག་དང་མཐུན་ལ་སྤྱོད་གོ་ཆོད་པ་ཞིག་ཡིན། དེ་སྔོན་ང་ཚོས་ཝུའུ་ཧན་ལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་ནང་བཞིན་ཧྲང་ཧའེ་ལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལའང་རྒྱལ་ཁ་ལེན་ཐུབ་ངེས་ཡིན།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་ཕོག་ཚད་སྔར་བཞིན་ཆེ་བ་དང་། ནད་དུག་ད་དུང་རྒྱུན་ཆད་མེད་པར་གཞན་འགྱུར་འབྱུང་བཞིན་མཆིས་ཤིང་། རིམས་ནད་ཀྱི་མཐའ་མའི་འཕེལ་ཕྱོགས་ད་དུང་གཏན་འཁེལ་བྱེད་དཀའ་སྟབས་ལྷོད་གཡེང་དང་ངལ་གསོའི་དུས་ལ་སླེབས་མེད། རང་རྒྱལ་ནི་མི་འབོར་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒན་རྒོན་གྱི་མི་འབོར་མང་ལ། ས་ཁུལ་གྱི་འཕེལ་རྒྱས་དོ་སྙོམས་མིན་པ་དང་། སྨན་བཅོས་ཐོན་ཁུངས་ཀྱི་སྤྱི་འབོར་མི་འདང་བས། རིམས་ནད་ལ་འགོག་སྲུང་བརྟན་པོ་མ་བྱས་ན་གཞི་ཁྱོན་ཆེ་བའི་མི་ཚོགས་ལ་འགོས་ནད་ཕོག་པ་དང་། ནད་གཞི་ལྕི་མོ་དང་ནད་ཀྱིས་ཤི་བའི་ནད་པ་མང་པོ་འབྱུང་ངེས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས། ལུས་པོ་བདེ་ཐང་བཅས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལ་གཏིང་ཟབ་དང་ཆ་ཚང་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ངོས་འཛིན་བྱེད་པ་ལས། ངོས་འཛིན་མི་འདང་བ་དང་གྲ་སྒྲིག་མི་འདང་བ། ལས་དོན་མི་འདང་བ་སོགས་ཀྱི་གནད་དོན་རྣམས་མཐའ་གཅིག་ཏུ་ཁྱད་གསོད་བྱེད་པ་དང་། མཐའ་གཅིག་ཏུ་མཐོང་ཆུང་དང་རང་བསམ་བདེན་རློམ་སོགས་ཀྱི་བསམ་བློ་ཁྱད་བསད་བྱེད་པ། ཐོག་མཐའ་བར་གསུམ་དུ་རྣམ་རིག་གྲིམ་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས“འགུལ་རྣམ་གཙང་སེལ”བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྒྱལ་གྱི་རིམས་ནད་སྔོན་འགོག་གི་མཛད་ཕྱོགས་སྲིད་ཇུས་ལ་འཁྱོག་བཤད་དང་དོགས་སློང་། ཁས་ལེན་མི་བྱེད་མཁན་ལ་མཐའ་གཅིག་ཏུ་འཐབ་རྩོད་བཅས་བྱེད་དགོས། 

ཚོགས་འདུའི་སྟེང་བསྟན་དོན། རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན། མིག་སྔའི་རིམས་ནད་འགོག་སྲུང་གི་བྱ་བ་དེ“ཆུ་བོའི་གྱེན་དུ་གྲུ་གཏོང་བ་བཞིན། མདུན་དུ་མི་བསྐྱོད་ཕྱིར་བཤོལ་ཐེབས་པའི”འགག་རྩའི་དུས་སྐབས་དང་ངར་ཤུགས་གཅོག་པའི་དུས་མཚམས་སུ་སླེབས་ཡོད་པས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཡིད་ཆེས་བརྟན་པོ་ངང་རིམས་ནད་འགོག་པའི་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་བརྟན་པོ་འཛུགས་པ། ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་མཐའ་དག་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་ས་སྲུང་གི་འགན་འཁྲི་འཁུར་བ་དང་ས་སྲུང་གི་འགན་འཁྲི་དང་དུ་ལེན་ཐུབ་པ་བཅས་བྱེད་དགོས།

ཚོགས་འདུའི་སྟེང་ནན་བཤད་བྱས་དོན། གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐག་གཅོད་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་ཞིབ་བཤེར་བྱེད་དགོས་པ་ཚང་མར་ཞིབ་བཤེར་བྱེད་པ་དང་། ལོག་བཀར་བྱེད་དགོས་པ་ཚང་མར་ལོག་བཀར་བྱེད་པ། གཅིག་བསྡུ་བྱེད་དགོས་པ་ཚང་མ་གཅིག་བསྡུ་བྱེད་པ། སྨན་བཅོས་བྱེད་དགོས་པ་ཚང་མ་སྨན་བཅོས་བྱེད་པ་བཅས་ཀྱི་སྒོ་ནས། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་འཁོར་སྐྱོད་ལེགས་སྒྲིག ལོག་བཀར་བརྒྱུད་འདྲེན། སྡེ་ཁུལ་དོ་དམ་ཚོད་འཛིན་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ལ་མཐུན་སྦྱོར་མཉམ་འགུལ་བྱེད་པ་དང་། རིམས་ནད་ཕོག་མཁན་དང་ཉེན་ཁའི་མི་ཚོགས་རྣམས་དུས་ཐོག་ཏུ་གྲལ་བཤེར་དང་དོ་དམ་ཚོད་འཛིན་བྱེད་པར་ཁག་ཐེག་བྱ་དགོས། སྔོན་འགོག་ཚོད་འཛིན་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་ནས་ས་ཁོངས་མཐུན་སྦྱོར་ངང་འགོག་སྲུང་དང་ཞིང་ཆེན་ནང་ཁུལ་གྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་སྔོན་འགོག་ཚོད་འཛིན་གྱི་མི་ཤུགས་ཐོན་ཁུངས་དང་དངོས་ཟོག་གྲ་སྒྲིག་འདང་ངེས་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་བྱ་བ་ཡག་པོ་བསྒྲུབ་དགོས། དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་བཏང་ནས་ནད་དུག་གཞན་འགྱུར་ལ་ཞིབ་འཇུག་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ལས། སྟབས་བདེ་ཅན་དང་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་ལ། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་དང་འཚོ་བའི་དངོས་ཟོག་མཁོ་འདོན་ཡག་པོ་བྱས་ཏེ་མང་ཚོགས་རྣམས་ཀྱིས་ནད་ལ་བལྟ་བ་དང་སྨན་བཅོས་བྱེད་པའི་དགོས་མཁོ་སྐོང་བར་འགན་སྲུང་གང་ལེགས་བྱ་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། ནད་དུག་ཕྱི་ནས་ཁྱབ་པར་སྔོན་འགོག་བྱེད་སྐབས་མི་དང་དངོས་པོ། ཁོར་ཡུག་བཅས་ཚང་མ་རིམས་ནད་སྔོན་འགོག་གི་བླང་བྱ་ལྟར་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ལས་རིགས་ཀྱི་འགན་འཁྲི་དང་ལས་ཁུངས་ཀྱི་འགན་འཁྲི་གཟབ་ནན་དུ་གཏོང་དགོས། མི་དམངས་མང་ཚོགས་དང་དམ་དུ་འབྲེལ་ནས་མི་དམངས་ཀྱི་དམག་འཁྲུག་ཡག་པོ་རྒྱག་པ་དང་། ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། རང་འགུལ་ངང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་སློག་པ། རྒྱ་ཆེའི་མང་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་དང་རང་ངོས་འགོག་སྲུང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ། རང་རྟོགས་ངང་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དང་འོས་འགན་དང་ལེན་བྱེད་པ། མི་སྒེར་དང་ཁྱིམ་ཚང་སོགས་ལ་ཉིན་རྒྱུན་གྱི་འགོག་སྲུང་བྱ་ཐབས་དོན་འཁྱོལ་བྱེད་པ། རིམས་འགོག་སྨན་ཁབ་རྒྱག་པའི་ཤུགས་སྣོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམངས་འགོག་དམངས་སྡོམ་གྱི་འཛིང་རགས་བརྟན་པོ་བསྐྲུན་དགོས།

ཚོགས་འདུའི་སྟེང་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཚང་མ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྒོས་ལྷོད་གཡེང་གི་བསམ་བློ་དང་དམག་འཐབ་ལ་ཞེན་པ་ལོག་པའི་བློ་ཁ། སྟེས་དབང་གི་བསམ་བློ། ལྷོད་གཡེང་གི་སེམས་ཁམས་བཅས་ཁྱད་གསོད་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་སྐུལ་སློང་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་དུས་ཀྱིས་མི་སྒུག་པའི་སྙིང་སྟོབས་དང་དུས་ཚོད་སྐར་ཆ་རེ་རེའང་ངེས་པར་དུ་བརྩོན་ལེན་བྱེད་པའི་བྱ་སྤྱོད་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཁག་དམ་འཛིན་ཏན་ཏིག་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མུ་མཐུད་དུ་མདུན་མཆོང་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ཏེ་འཐབ་འཛིང་གི་བཙན་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་དགོས། རིམས་ནད་འགོག་སྲུང་གི་འཐབ་རྩོད་ཁྲོད་བྱུང་བའི་སྔོན་ཐོན་དཔེ་མཚོན་དང་སྔོན་ཐོན་བྱས་རྗེས་ཀྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཕྱར་བ་གྲུ་འདེགས་བྱེད་པ། རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་རིམས་ནད་འགོག་པའི་བྱ་བ་ཡག་པོ་བསྒྲུབ་པར་སྐུལ་ལྕག་གཏོང་དགོས། ། 

ཚོགས་ཐོག་ཏུ་ད་དུང་དོན་དག་གཞན་པ་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།