ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་བྱང་ལ་ཚན་རྩལ་སྟོབས་ལྡན་གྱི་རྒྱལ་ཁབ་གང་མགྱོགས་ཀྱིས་བསྐྲུན་ནས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་དགོས་ཞེས་པ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཟླ5པའི་ཚེས1ཉིན་བཏོན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་དགུ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་བྱང་ལ། ཚན་རྩལ་སྟོབས་ལྡན་གྱི་རྒྱལ་ཁབ་གང་མགྱོགས་ཀྱིས་བསྐྲུན་ནས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་དགོས་ཞེས་པ་སྤེལ།

རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་ཚན་རྩལ་ལས་དོན་གྱིས་སྔ་ཕྱི་བར་གསུམ་དུ་གལ་འགངས་ཤིན་ཏུ་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་དང་གལ་འགངས་ཤིན་ཏུ་ཆེ་བའི་འཐབ་ཇུས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་དེ་གྲངས་འབོར་གྱི་གསོག་འཇོག་ནས་སྤུས་ཚད་ཀྱི་འཕུར་མཆོང་དང་། དེ་ནས་གནས་ཐིག་གི་མཁྲེགས་གཏོར་ནས་མ་ལག་གི་ནུས་ཤུགས་ཕྱོགས་སུ་རིམ་པར་འཕེལ་བཞིན་ཡོད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་ཅིས་ཀྱང་། འཛམ་གླིང་གི་ཚན་རྩལ་མདུན་གྲས་ལ་ཁ་ཕྱོགས་པ་དང་དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་བྱས་ནས། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་མྱུར་ཚད་མགྱོགས་སུ་བཏང་ནས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཐོག་མའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་མཁྲེགས་གཏོར་ལ་ཤུགས་བསྣན་ནས། འགག་རྩ་དང་ཆེས་ལྟེ་བར་གྱུར་བའི་ལག་རྩལ་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ཐད་འཚོལ་ཞིབ་བྱེད་ཕོད་པ་དང་། ཐོག་མ་ཉིད་ཀྱི་གསར་གཏོད་འབུར་ཐོན་ཡོང་བར་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྣེ་ཁྲིད་དང་མཁྲེགས་གཏོར་བྱེད་ཐབས་གང་ཡོད་སྤྱད་དེ། འགག་རྩའི་ལག་རྩལ་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ལག་རྩལ་གྱི་རྩ་བའི་རིགས་པ་ཁོང་དུ་ཆུད་པར་བྱེད་དགོས། ཚན་རྩལ་མཁྲེགས་གཏོར་བྱེད་པར་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཆེས་ཛ་དྲག་དང་ཆེས་དགོས་གཏུག་ཆེ་བའི་གནད་དོན་ཕྱོགས་སུ་བསྐྱོད་གང་ཐུབ་བྱེད་དགོས།  གསར་གཏོད་ཀྱི་འབྲེལ་ཐག་ཐོན་ལས་སྦྲེལ་ཐག་མཉམ་འདྲེས་བྱེད་པའི་འགག་རྩ་ནི་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་གཏན་འཁེལ་བྱེད་རྒྱུ་དང་། རིག་གཞུང་ཚན་ཁག་མང་པོ་མཉམ་འདྲེས་བྱེད་པའི་དེང་རབས་ཀྱི་བཟོ་སྐྲུན་དང་ལག་རྩལ་གྱི་ཚན་རིག་ཞིབ་འཇུག་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། དེང་རབས་ཀྱི་ཚན་རིག་ལག་རྩལ་མ་ལག་ཆ་ཚང་ཞིག་ཆགས་པར་བྱེད་རྒྱུ་དེ་ཡིན།

རྩོམ་ཡིག་ནང་བསྟན་དོན། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས། ཆུ་ཚད་མཐོ་བའི་ཞིབ་འཇུག་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཚང་མ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རང་རྟོགས་ངང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་གྱི་འགན་འཁྲི་འཁུར་གང་ཐུབ་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཤིག་ཆགས་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ཏུ། རྒྱལ་ཁབ་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་གལ་ཆེན་རྩ་འཛུགས་བྱེད་མཁན་ཡིན་པའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དཔྱད་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་རྨང་གཞིའི་བཅོས་སྒྱུར་གཙོ་གནད་དུ་བཟུང་ནས་དམ་འཛིན་གང་ལེགས་བྱེད་པ་དང་། སྤུས་ཚད་དང་ལས་ཆོད། བྱས་རྗེས་བཅས་གཙོ་བོར་འཛིན་པའི་གདེང་འཇོག་གི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། བློ་སྟོབས་སྔར་ལས་ཆེ་བ་བཏོན་ནས་ཚན་རྩལ་དོ་དམ་གྱི་འགན་ནུས་སྒྱུར་བར་སྐུལ་འདེད་བཏང་སྟེ། ཚན་རིག་ཞིབ་འཇུག་སྡེ་ཁག་དང་ཚན་རིག་ཞིབ་འཇུག་མི་སྣ་རྣམས་རྙོག་འཛིང་ཆེ་ཞིང་དགོས་མེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འཆིང་རྒྱ་ལས་ཐར་དུ་འཇུག་དགོས། ཚན་རྩལ་ལས་གཞི་གལ་ཆེན་འཛུགས་པ་དང་དེའི་རྩ་འཛུགས་དོ་དམ་བྱེད་སྟངས་བཅོས་སྒྱུར་བྱས་ནས། མིང་དངོས་སུ་བཏོན་ནས་གཙོ་འདོན་བྱེད་པ་དང་། འགྲན་རྩོད་རྣམ་པའི་ལམ་ལུགས་ལག་ལག་བསྟར་བྱས་ཏེ། རྩལ་ནུས་དང་ཡོན་ཏན་ངོ་མ་ལྡན་པའི་ཚན་རྩལ་མི་སྣའི་དཔའ་བོ་བཀོལ་སྤྱོད་བྱེད་ས་ཡོད་པར་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་ཞུགས་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། གོ་ལ་ཧྲིལ་པོའི་མཐོང་རྒྱར་བརྟེན་ནས་གསར་གཏོད་ཇུས་འགོད་ལ་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་ཞུགས་ནས་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཏེ། ཀྲུང་གོའི་ཚན་རྩལ་ལ་བརྟེན་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།

རྩོམ་ཡིག་ནང་བསྟན་དོན། རིམ་པ་སོ་སོའི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས། གོ་ལ་ཧྲིལ་པོའི་ཤེས་ལྡན་མི་སྣའི་མཐོ་ས་བསྐྲུན་དགོས། ཤེས་ལྡན་མི་སྣ་རང་བདག་གིས་གསོ་སྐྱོང་བྱེད་པར་སྔར་ལས་མཐོང་ཆེན་གང་ལེགས་བྱེད་དགོས། ན་གཞོན་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སྔར་ལས་མཐོང་ཆེན་བྱེད་དགོས། རང་རྒྱལ་གྱི་སློབ་གསོ་ནི་མཁས་པ་གསོ་སྐྱོང་བྱེད་ཐུབ་པའི་སློབ་གསོ་ཡིན་པས། ང་ཚོར་གདེང་ཚོད་དེ་འདྲ་ཡོད་དགོས། ཚན་རྩལ་གསར་གཏོད་བྱེད་པར་ཚན་རྩལ་མི་སྣའི་ཡུན་རིང་མ་དངུལ་འཇོག་རྒྱུ་དང་འབྲལ་ཐབས་མེད། འགན་སྲུང་གི་དུས་ཚོད་ནི་གསར་གཏོད་ཀྱི་ནུས་པར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ཚན་རིག་ཞིབ་འཇུག་མི་སྣས་སེམས་ཤུགས་གཙོ་བོ་ཚན་རིག་ཞིབ་འཇུག་སྟེང་བཀོལ་ཐུབ་པའི་འགན་སྲུང་མཐུན་རྐྱེན་འཛོམས་པར་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། རྒྱལ་ཁབ་རུ་ཁག་ཡིན་པའི་ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་རིག་གཞུང་སྣེ་ཁྲིད་ནུས་པ་དང་འགག་རྩའི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་གྱི་ནུས་པ། གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས། སློབ་གླིང་གཉིས་ཀྱི་རྒྱལ་ཁབ་ཀྱི་རྩེར་སོན་ཇུས་འདོན་ཚོགས་པའི་འགན་ནུས་ཆེ་རུ་གཏོང་དགོས། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་ཏང་དང་སྲིད་གཞུང་གིས་ཚན་རྩལ་དོན་དུ་གཉེར་བ་དང་འབྲེལ་གཏུག་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་འགན་འཁྲི་ཕྲག་ཏུ་འཁུར་ནས། རྒྱ་ཆེའི་ཚན་རྩལ་ལས་གཉེར་བས་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་དུ་འཇུག་དགོས། རྒྱ་ཆེའི་ཡོའན་ཧྲི་རྣམ་པས་སེམས་སུ་མེས་རྒྱལ་འཆང་ཞིང་མི་དམངས་ལ་ཞབས་འདེགས་ཞུ་བའི་མིག་དཔེ་དང་། བདེན་དོན་བརྩོན་ལེན་དང་ཡང་རྩེར་འཛེགས་ཕོད་པའི་མིག་དཔེ། རིག་གཞུང་གི་ཀུན་སྤྱོད་དང་རིག་གནས་བརྩོན་ཞིབ་གཟབ་ནན་གྱི་མིག་དཔེ། གཞན་ལ་མིག་དཔེ་ཅི་ཡོད་སྟོན་ཐུབ་པའི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།