ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་པའི་ཚེས་ཉེར་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིང་དུ་དུས་བཅད་ལྟར་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་སི་ཐི་ལི་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་འདོད་དོན། ནོར་ཝེ་ནི་ཡོ་རོབ་བྱང་རྒྱུད་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། ཉིས་སྟོང་བཅོ་བརྒྱད་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་སྐུ་ཕྲེང་ལྔ་པ་ཧ་ལཱ་ཨར་དང་ལྷན་དུ་གྲུབ་འབྲས་ཐོབ་པའི་ངང་ཐུག་འཕྲད་བྱས་ནས། ཀྲུང་གོ་དང་ནོར་ཝེ་ཡི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།  ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་གོ་དང་ནོར་ཝེ་ཡི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་ལྷན་དུ། དཔལ་འབྱོར་ཉོ་ཚོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ །ནོར་ཝེ་ཕྱོགས་ཀྱི་ཁྱད་ལྡན་ཞིང་ལས་དང་ཉ་ལས་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་གཉིས་ཀའི་རང་མོས་ཉོ་ཚོང་གྲོས་ཆོད་དང་ཁྲལ་བསྡུའི་གྲོས་ཆོད་ཉིས་བརྩེགས་མི་ཡོང་བ་བྱ་རྒྱུའི་ཐད་སྔ་མོ་ནས་གྲོས་མོལ་བྱེད་འདོད་ཡོད། ཀྲུང་གོས་སྒོ་མོ་འབྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཕྱོགས་གཉིས་དང་ཕྱོགས་མང་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་འབད་རྒྱུ་ཡིན།

སི་ཐི་ལི་ཡིས་འདོད་དོན། ནོར་ཝེ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དང་དཔལ་འབྱོར་ཉོ་ཚོང་སོགས་ཀྱི་མཉམ་ལས་འཕེལ་རྒྱས་ཡག་པོ་བྱུང་ནས། ཕྱོགས་མང་པོའི་ཐད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་ཐུབ་ཡོད། ནོར་ཝེ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད།

ཕྱོགས་གཉིས་ཀས་ད་དུང་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ལིས་ཁི་ཆང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་བྱས།

ཝང་དབྱི་དང་ཧི་ལིས་ཧྥུན་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།