ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས་བཟོ་བཅོས་བྱས་རྗེས་ཀྱི《ས་མིང་དོ་དམ་སྲོལ་ཡིག》ཡོངས་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་འགའི་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས། བཟོ་བཅོས་བྱས་རྗེས་ཀྱི《ས་མིང་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་དང་། 2022ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

ས་མིང་ནི་སྤྱི་ཚོགས་ཀྱི་གཞི་རྩའི་སྤྱི་པའི་ཆ་འཕྲིན་ཞིག་ཡིན་ལ། ལོ་རྒྱུས་དང་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། སྔར་ལས་ལྷག་པའི་སྒོ་ནས་ས་མིང་དོ་དམ་ལ་ཤུགས་བསྣན་དང་ཚད་ལྡན་དུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ། རྒྱལ་སྤྱིའི་འབྲེལ་འདྲིས་བཅས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད། ད་ཡོད་ཀྱི《སྲོལ་ཡིག》ལོ་མང་རིང་ལག་བསྟར་བྱས་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག ས་མིང་དོ་དམ་བྱ་བར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ཏེ《སྲོལ་ཡིག》ལ་བཟོ་བཅོས་བྱས་པ་རེད། 

བཟོ་བཅོས་བྱས་རྗེས་ཀྱི《སྲོལ་ཡིག》ལ་ཁྱོན་ལེའུ7དང་དོན་ཚན44ཡོད་པའི་ནང་། ས་མིང་དོ་དམ་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གཏན་འབེབས་བྱས་པ་དང་། ས་མིང་དོ་དམ་ཁྲིམས་སྐྱོང་ཅན་དང་ཚན་རིག་ཅན། ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས། དུས་རབས་གསར་པའི་ས་མིང་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད།  

གཅིག་ནས་དོ་དམ་གྱི་རྩ་དོན་གསལ་བོར་བཟོས་པ། སྲོལ་ཡིག》གིས་གཏན་འབེབས་བྱས་དོན། ས་མིང་དོ་དམ་གྱིས་ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བྱས་ན། རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུར་ཕན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བར་ཕན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ཕན་ཞིང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ཕན་པས། ས་མིང་ལྟོས་བཅས་ཀྱི་བརྟན་བརླིང་ཡིན་དགོས། 

གཉིས་ནས་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་བཏང་བ། 《སྲོལ་ཡིག》གིས་གཅིག་གྱུར་ལྟ་སྐུལ་དོ་དམ་དང་། རིམ་དབྱེ་རིགས་འབྱེད་འགན་འཁུར་གྱི་རྩ་དོན་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ས་མིང་བྱ་བའི་གཅིག་གྱུར་ལྟ་སྐུལ་དོ་དམ་གྱི་འགན་ཁུར་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ས་མིང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་པའི་ས་མིང་དོ་དམ་འགན་འཁྲི་གསལ་བོར་བཟོས་ཏེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་མིང་དོ་དམ་བྱ་བའི་མཐུན་སྦྱོར་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་གཏན་འབེབས་བྱས་ཡོད། 

གསུམ་ནས་མིང་འདོགས་པ་དང་མིང་བརྗེ་བའི་དོ་དམ་ལ་ཤུགས་སྣོན་པ། སྲོལ་ཡིག》གིས་སྔར་ལས་ལྷག་པའི་སྒོ་ནས་ས་མིང་འདོགས་པའི་ལུགས་སྲོལ་འཐུས་ཚང་དུ་བཏང་བ་དང་། ས་མིང་གི་མིང་འདོགས་པ་དང་མིང་བརྗེ་བར་རེ་ཞུའི་འབུལ་བ་དང་། ཕྱོགས་བསྡུས་དཔྱད་དཔོག་དང་ཆེད་མཁས་པའི་རིགས་འདེད། བསམ་འཆར་བསྡུ་ལེན་སོགས་ཀྱི་བླང་བྱ་སྔར་བས་འཐུས་ཚང་བཏང་སྟེ། རིམ་དབྱེ་རིགས་འབྱེད་ཀྱིས་ས་མིང་འདོགས་མིང་བརྗེ་བའི་ཆོག་མཆན་གོ་རིམ་གཏན་འཁེལ་བྱས་ཤིང་། ས་མིང་གི་ཐོ་འགོད་སྙན་ཞུ་དང་སྤྱི་བསྒྲགས་ལམ་ལུགས་འཛུགས་དགོས་པ་གསལ་བོ་བསྟན་ཡོད། 

བཞི་ནས་ས་མིང་བེད་སྤྱོད་ཚད་ལྡན་དུ་གཏོང་བ། 《སྲོལ་ཡིག》ནང་ས་མིང་ལ་སྤྱོད་པའི་ཡི་གེ་དང་ཀློག་སྟངས། འབྲི་སྦྱོར་སོགས་ཚད་ལྡན་དུ་གཏན་འབེབས་བཟོས་ཡོད་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་གཅིག་གྱུར་སྒོས་རྒྱལ་ཁབ་ཀྱི་ས་མིང་ཆ་འཕྲིན་མཛོད་བཙུགས་ནས། ས་མིང་ཆ་འཕྲིན་མཉམ་སྐྲུན་མཉམ་སྤྱོད་ཀྱི་ལམ་སྲོལ་དང་། ཚད་ལྡན་གྱི་ས་མིང་སྤྱོད་ཁོངས། ས་མིང་མཚོན་རྟགས་དོ་དམ། ཚད་ལྡན་གྱི་ས་མིང་པར་སྐྲུན་སོགས་ཀྱི་བླང་བྱ་བཏོན་ཡོད། 

ལྔ་ནས་རིག་གནས་སྲུང་སྐྱོབ་ནན་འཛིན་བྱས་པ། སྲོལ་ཡིག》ནང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་པ་དང་། ཀྲུང་ཧྭའི་ལོ་རྒྱུས་རིག་གནས་ཀྱི་སྲོག་རྩ་མཚོན་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ནང་གི་རང་བྱུང་ས་གཤིས་དངོས་ཚན་གྲགས་ཅན་གྱིམིང་འདོགས་པ་དང་མིང་བརྗེ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཐོབ་དགོས། ས་མིང་རིག་གནས་སྲུང་སྐྱོབ་ཀྱི་ཆེད་དམིགས་ལེའུ་བཙུགས་ནས། ས་མིང་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། སྲུང་སྐྱོབ་མིང་གཞུང་བཟོ་བ། ཡིག་ཚགས་དོ་དམ་བྱེད་པ། སྤྱི་ཚོགས་ནང་ཞུགས་ལ་སྐུལ་ལྕག་བྱེད་པ་སོགས་ཀྱི་བླང་བྱ་གསལ་བོ་བཏོན་ཡོད། 

གཞན་ཡང་། 《སྲོལ་ཡིག》ནང་ལྟ་སྐུལ་ཞིབ་བཤེར་གྱི་སྤྱིའི་བླང་བྱ་དང་ཞིབ་ཕྲའི་བྱེད་ཐབས་གསལ་བོ་བཏོན་པ་དང་། སྒྲིག་འགལ་ངང་ས་མིང་འདོགས་པ་དང་ས་མིང་བརྗེ་བ། ཐོག་འགོད་མ་བྱས་པའམ་དུས་ཐོག་ཐོ་འགོད་མ་བྱས་པ། ཚད་གཞི་ལྟར་ཚད་ལྡན་ས་མིང་བེད་སྤྱོད་མ་བྱས་པ། ས་མིང་མཚོན་རྟགས་ལ་གཏོར་སྐྱོན་བཏང་བ་སོགས་ཀྱི་བྱ་སྤྱོད་ལ་དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་བྱས་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།