ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ནེ་པ་ལའི་གྲོས་ཁང་འོག་མའི་གྲོས་དཔོན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1128543952_16494262213581n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་པའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་ལམ་ནས་ནེ་པ་ལའི་གྲོས་ཁང་འོག་མའི་གྲོས་དཔོན་ས་ཕུའུ་ཁི་ཐཱ་དང་གྲོས་མོལ་བྱས།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རིམ་པ་སོ་སོའི་མཛའ་མཐུན་བརྗེ་རེས་ལ་ཤུགས་བསྣན་ནས། སློབ་གསོ་དང་གྲོང་གསེབ་དར་སྤེལ། ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་ཁྲིམས་འཛུགས་ལྟ་སྐུལ་ལས་དོན་གྱི་ཉམས་མྱོང་མཉམ་སྤྱོད་འདོད་ཡོད། ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཕན་པའི་བཅའ་ཁྲིམས་ཀྱི་ཡིག་ཆ་ལ་དུས་ཐོག་ཏུ་ཆོག་མཆན་འགོད་པ་དང་བཟོ་བཅོས་རྒྱག་པའམ་ཡང་ན་དངོས་སུ་འདོན་པ་བཅས་བྱས་ཏེ། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་ཚོགས་རར་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས།

ས་ཕུའུ་ཁི་ཐཱ་ཡིས་བསྟན་དོན། ནེ་པ་ལས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཁོངས་གཏོགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱ་སྤྱོད་གང་ཡང་སྤེལ་མི་ཆོག་པར་བྱེད་རྒྱུ་ཡིན། ཀྲུང་གོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའིའི་ངང་བསྒྲུབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པར་སྙིང་ཁོངས་ནས་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ནེ་པ་ལ་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།། ནེ་པ་ལའི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།