ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཨན་ཧུའེ་ཡི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1128528604_16489130758481n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཞི་པའི་ཚེས་གཉིས་ཉིན་བར་དུ། ཨན་ཧུའེ་རུ་ཀྲུང་དབྱང་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་དང་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དམངས་ཆེན་བྱ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དགོས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་དབྱང་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པར་ཅིས་ཀྱང་རྩ་དོན་གལ་ཆེན་འགའ་ཞིག་ལ་ངེས་པར་དུ་གོ་བ་ཡང་དག་ལེན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཏེ། གཅིག་ནས་ཏང་གིས་དམངས་ཆེན་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་འགན་ལེན་ཞིག་ཡིན། གཉིས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པའི་གཞུང་ལུགས་ཀྱིས་དམངས་ཆེན་བྱ་བར་གཅིག་འདོམས་བྱེད་པའི་གཞུང་ལུགས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དགོས། གསུམ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་རྒྱུ་དང་། མི་དམངས་མང་ཚོགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་གི་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཁྲིམས་སྐྱོང་དགོས་མཁོར་དམ་པོར་དམིགས་ཏེ། ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་དགོས། བཞི་ནས་ཆབ་སྲིད་འཛུགས་སྐྲུན་གྱིས་ཁྱོན་ཡོངས་ལ་་སྤྱི་འདོམས་བྱས་ཏེ། དམངས་ཆེན་གྱི་རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱུ་བཅས་ཡིན།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་ཐམས་ཅད་མི་དམངས་ལ་བརྟེན་ནས་འགན་འཁྲི་སྒྲུབ་པའི་ནུས་པ་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་རྒྱལ་ཁབ་ལས་ཁུངས་ཀྱིས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས།

1128528604_16489130891101n.jpg

རྟོག་ཞིབ་བྱེད་སྐབས་ལིས་ཀྲན་ཧྲུའུ་ཡིས་གྲོང་གསེབ་དར་སྤེལ་དང་ཚན་རྩལ་གསར་གཏོད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཅིན་རྫོང་གི་ཞིན་སི་དམག་གི་དམག་ཤོག་བཞི་པའི་གནས་རྙིང་ལ་ལྟ་སྐོར་བྱས།  ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཡི་འཕེལ་རྒྱས་ལ་ཐུགས་ཁུར་ཟབ་བཞེས་གནང་གིན་ཡོད་ཅིང་། ཨན་ཧུའེ་རུ་རྟོག་ཞིབ་ཐེངས་མང་གནང་བར་མ་ཟད། དེ་འབྲེལ་གྱི་གསུང་བཤད་གལ་ཆེན་གནང་བ་དང་། མཛུབ་སྟོན་གལ་ཆེན་གནང་ནས་ཨན་ཧུའེ་ཡི་འཕེལ་རྒྱས་ལ་གནས་ཐིག་གཏན་འཁེལ་དང་འཆར་གཞི་བཟོས་ཡོད། ཨན་ཧུའེ་ཡིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། འབད་འབུངས་སྟོབས་ཤུགས་བསྡུ་ལེན་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིས་བླང་བྱ་བཏོན་པའི་འཁོར་སྐྱོད་གཉིས་དང་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ཁྲོད་ནས་བྱས་རྗེས་སྔར་ལས་ཆེན་པོ་བཞག་སྟེ། མཛེས་སྡུག་ལྡན་པའི་ཨན་ཧུའེ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་ངོས་ནས་འཕེལ་རྒྱས་གསར་པ་ཆེན་པོ་ཡོང་བར་བྱེད་དགོས་ཞེས་གདམས་པའི་བླང་བྱ་མངོན་འགྱུར་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།