ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན་དང་ཚའེ་ཆི་ལ་ཨོ་ལིམ་ཕིག་གི་གསེར་རྒྱུའི་གཟེངས་རྟགས་ཐོབ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་བཀའ་དྲིན་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་ནས་ཨོ་ལིམ་ཕིག་གི་བྱས་རྗེས་གཟེངས་རྟགས་སྤྲད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆི་ལ་ཨོ་ལིམ་ཕིག་གི་གསེར་རྒྱུའི་གཟེངས་རྟགས་ཐོབ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཐུའོ་མ་སི་པ་ཧི་ཡིས་བྱ་དགའ་སྤྲོད་པའི་གཏན་འབེབས་ཁྱབ་བསྒྲགས་གནང་། 

སུན་ཁྲུན་ལན་གྱིས་བཀའ་དྲིན་ཞུ་སྐབས་གསུངས་དོན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ང་དང་ལས་རོགས་ཚོར་གཟི་བརྗིད་མཚན་སྙན་འདི་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། གཟི་བརྗིད་འདི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་ལ་དབང་བ་དང་། ཀྲུང་གོ་མི་དམངས་ཡོངས་ཀྱི་སེམས་རྩ་གཅིག་སྒྲིལ་བྱས་པར་དབང་ཞིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞུགས་པའི་ལས་རིགས་སོ་སོའི་གྲོགས་པོའི་སེམས་ནུས་དང་བློ་གྲོས་ལ་དབང་བ་ཡིན། གོ་ལ་ཧྲིལ་པོའི་རིམས་ནད་མཆེད་པའི་ཤུགས་རྐྱེན་འོག ཀྲུང་གོ་སྲིད་གཞུང་གིས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་སྤྱད་དེ། དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་ལྟར་བདེ་བླག་ངང་གཉེར་བ་དང་། འགྲན་བསྡུར་ནང་ཞུགས་པ། འབྲེལ་ཡོད་མི་སྣའི་བདེ་ཐང་བདེ་འཇགས་ལ་འགན་ལེན་བྱས་ཡོད། ང་ཚོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་མཉམ་དུ་མ་འོངས་བར“སྔར་བས་མགྱོགས་པ་དང་། སྔར་བས་མཐོ་བ། སྔར་བས་ཆེ་བ། སྔར་བས་མཐུན་སྒྲིལ་བྱེད་པ”བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་ལག་ལེན་བསྟར་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་དེ་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་བར་རེ་སྒུག་བྱེད་ཀྱིན་ཡོད།

ཚའེ་ཆི་ཡིས་བསྟན་དོན། ཨོ་ལིམ་ཕིག་གི་བྱས་རྗེས་གཟེངས་རྟགས་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་ལ་ཁས་ལེན་བྱས་པ་རེད། གཟི་བརྗིད་མཚན་སྙན་འདི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་ནང་ཞུགས་པའི་མི་ཚང་མར་དབང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་དངོས་ཀྱི་སྐུལ་འདེད་དང་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་ཁེ་ཕན་འབྲེལ་ཡོད་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ང་ཚོས་འཛམ་གླིང་ལ་སྟབས་བདེ་དང་བདེ་འཇགས། ངོ་མཚར་ཆེ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཕུལ་ནས། གོ་ལ་ཧྲིལ་པོར་གངས་འཁྱགས་ལུས་རྩལ་གྱི་དུས་རབས་གསར་པ་བཏོད་ཡོད། པེ་ཅིང་ཉིད་འཛམ་གླིང་གི“ཨོ་ལིམ་ཕིག་གཉིས་ཀྱི་གྲོང་ཁྱེར”དང་པོར་གྱུར་ཡོད། ང་ཚོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་མཉམ་དུ་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་བཏང་ནས། སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན། 

ཡུལ་དངོས་སུ་ད་དུང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀོའུ་ཀྲུང་ཝུན་སོགས་མི5ལ་ཨོ་ལིམ་ཕིག་དངུལ་རྒྱུའི་བྱས་རྗེས་གཟེངས་རྟགས་སྤྲད་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ལས་དོན་མི་སྣ་དང་དང་བླངས་པའི་འཐུས་མིར་རྟགས་མ་སྤྲད ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།