ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ལ།

པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ཐོག ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་གསེར་གྱི་རྟགས་མ9དང་། དངུལ་གྱི་རྟགས་མ4། ཟངས་ཀྱི་རྟགས་མ2བཅས་བླངས་ཡོད། དེ་ནི་རང་རྒྱལ་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཡིན་ལ། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་མཚན་སྙན་བླངས་ཤིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ལྡན་པའི་ངང་གཉེར་བར་བྱས་རྗེས་གལ་ཆེན་བཞག་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུས་པ་ཡིན། 

སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ལོ་གསར་སླེབས་མ་ཐག་ལམ་ལ་ཆས་ཤིང་། འབད་འཐབ་བྱེད་ཕོད་པ་དང་སེམས་ཤུགས་གཅིག་སྒྲིལ་སྒོས་འགྲན་བསྡུར་ལ་ཞུགས་ནས། ནུས་ཤུགས་ཡོད་རྒུས་རྒྱལ་ཁ་བླངས་ཏེ། འགྲན་བསྡུར་གྱི་ལས་འགན་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་དང་། ལུས་རྩལ་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཡག་པོ་ཐོབ་པས། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོར་ཐོབ་པའི་གྲུབ་འབྲས་ལ་སྤོབས་སེམས་ཆེན་པོ་སྐྱེས་བཞིན་ཡོད། ཁྱེད་ཚོས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་དུས་རབས་གསར་པའི་ཀྲུང་གོའི་ལུས་རྩལ་པའི་བསམ་པའི་ཉམས་འགྱུར་དང་རྩལ་འགྲན་ཆུ་ཚད་མངོན་པ་དང་། བྱ་སྤྱོད་དངོས་ཀྱིས་ཀུན་སྤྱོད་ལྡན་པའི་གསེར་གྱི་རྟགས་མ་དང་། ཁྱད་ཆོས་ལྡན་པའི་གསེར་གྱི་རྟགས་མ། དྭངས་གཙང་ཡིན་པའི་གསེར་གྱི་རྟགས་མ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཨོ་ལིན་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། ཁྱེད་ཚོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་ལུས་རྩལ་པ་དང་ཕན་ཚུན་བགྲོ་གླེང་དང་ཕན་ཚུན་སྐུལ་ལྕག་བྱས་ནས་གངས་འཁྱགས་ཀྱི་འདུ་ཚོགས་མཉམ་སྤྱོད་བྱས་པས། འབྲེལ་འདྲིས་ལ་སྐུལ་འདེད་བཏང་ཞིང་མཛའ་བརྩེ་གཏིང་ཟབ་ཏུ་ཕྱིན་ཡོད། ཁྱེད་ཚོའི་གཟེངས་སུ་ཐོན་པའི་ཉམས་འགྱུར་གྱིས་རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་རྒྱལ་གཅེས་སྤྲོ་སེམས་སྔར་བས་སྤེལ་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པའི་ཐོག་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་བསམ་པའི་སྟོབས་ཤུགས་བསྣན་ཡོད། 

མིག་སྔར། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་རྣམས་སྤོབས་པ་ཆེར་སྐྱེད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་བ་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས། རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཆེད་གཟི་བརྗིད་བརྩོན་ལེན་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། “མི་དམསང་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྣེ་ཁྲིད་བྱེད་པའི”གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ཞིང་། ཀྲུང་ཧྭའི་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་ངང་བསྐྲུན་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དེ་ལས་ཆེ་བའི་ལེགས་སྐྱེས་གསར་བ་འབུལ་རྒྱུའི་རེ་བ་ཡོད། ། 

ཀྲུང་གུང་ཀྲུང་དབྱང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་།

2022ལོའི་ཟླ2པའི་ཚེས20ཉིན།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།