ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་བེད་བཟོ་སྐྲུན་གལ་ཆེན་གྱི་མ་དངུལ་གཏོང་བའི་ཁྱབ་རྒྱ་སྒོར་དུང་ཕྱུར་ཁྲི་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཆུ་བེད་པུའུ་ཡིས་ཟླ་གཉིས་པའི་ཚེས་དགུ་ཉིན་གསལ་བསྒྲགས་བྱས་པ་ལྟར་ན། མིག་སྔར་རང་རྒྱལ་གྱི་འཛུགས་སྐྲུན་བྱེད་ཀྱིན་པའི་ཆུ་བེད་བཟོ་སྐྲུན་གཙོ་བོའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཡོད་ཅིང་། ད་ལོའི་ཆུ་བེད་འཛུགས་སྐྲུན་ཕྱོགས་ཀྱི་དངུལ་གཏོང་གཞི་ཁྱོན་གྱིས་སྔར་ལས་ཅུང་མཐོ་བའི་ཆུ་ཚད་རྒྱུན་འཁྱོངས་བྱེད་རྒྱུ་རེད།

ད་ལོར། རང་རྒྱལ་གྱིས་ཆུ་བེད་བཟོ་སྐྲུན་གལ་ཆེན་དང་ཉེན་ཁ་ཆེ་བའི་ཆུ་མཛོད་ཀྱི་ཉེན་སེལ་བརྟན་གཏོང་། ཞིང་ལ་ཆུ་གཏོང་བའི་ས་ཁུལ་འཛུགས་སྐྲུན་དང་དེང་རབས་ཅན་གྱི་བསྒྱུར་བཀོད། ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུ་བོ་ཆུང་འབྲིང་བཅོས་སྐྱོང་། ཆུ་འདོན་བཟོ་སྐྲུན་བཅས་ཆུ་བེད་ལས་གཞི་གཙོ་གྲས་ལྔ་གཙོ་གནད་དུ་འཛིན་རྒྱུ་རེད། ཕན་འབྲས་ལྡན་པའི་སྒོ་ནས་དངུལ་གཏོང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཆུ་ལོག་འགོག་བཅོས་བདེ་འཇགས་དང་ཆུའི་མཁོ་འདོན་བདེ་འཇགས། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་ལ་སྔར་ལས་འགན་ལེན་ནུས་ལྡན་བྱེད་རྒྱུ་རེད།

གྲོང་གསེབ་ཀྱི་ཆུ་མཁོ་འདོན་བཟོ་སྐྲུན་བསྒྱུར་བཀོད་རིམ་སྤོར་གྱི་ངོས་ནས་བཤད་ན། ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་རང་འབབ་ཆུའི་ཁེབས་ཚད་བརྒྱ་ཆའི་གྱ་ལྔ་ཟིན་རྒྱུའི་དམིགས་འབེན་གཏན་འཁེལ་བྱས་ནས། ཡུལ་བབ་དང་བསྟུན་ནས་ཆུ་མཛོད་ཆུང་འབྲིང་ཁག་གཅིག་བསྐྲུན་རྒྱུ་རེད།

ཞིང་ནང་ཆུ་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་ཐད་ནས་བཤད་ན། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་ལྔ་བརྒྱ་བཅུ་གཉིས་བསྐྲུན་པའི་འཕྲོར་མ་ལག་ཆ་ཚང་བའི་འཛུགས་སྐྲུན་དང་དེང་རབས་ཅན་གྱི་བསྒྱུར་བཀོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། ཞིང་ཆུ་འདྲེན་གཏོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་རེད།

མིག་སྔར་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཆུ་བེད་བཟོ་སྐྲུན་གལ་ཆེན་ཁག་བརྒྱ་དང་ལྔ་བཅུ་འཛུགས་སྐྲུན་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།