ཀྲུང་གོ་བོད་ཀྱི་དྲ་བ།

དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས24པ་པེ་ཅིང་དུ་གཟབ་རྒྱས་ངང་བསྡུ་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ2པའི་ཚེས4ཉིན་གྱི་དགོང་མོར། པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་འགོ་རྩོམ་པའི་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པར་མ་ཟད་སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་འགོ་རྩོམ་པའི་མཛད་སྒོ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པའི་ཚེས་བཞི་ཉིན་གྱི་དགོང་མོར་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པར་མ་ཟད་སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་མཛད། ཀྲུང་ཧྭའི་རིག་གནས་དང་ཨོ་ལིན་ཕིག་ལུས་རྩལ་ཡང་བསྐྱར་མཉམ་དུ་འདྲེས་ནས་མིའི་རིགས་ཡོངས་མཐུན་སྒྲིལ་དང་ཞི་བདེ། མཛའ་མཐུན་བཅས་ཡིན་པའི་དབྱངས་རྟ་མཐོན་པོར་བསྒྲགས།

༢.jpg

ཟླ2པའི་ཚེས4ཉིན་གྱི་དགོང་མོར། པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་འགོ་རྩོམ་པའི་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མཛད་སྒོར་ཞུགས།

ལིས་ཁི་ཆང་དང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་སྐུ་མགྲོན་རྣམས་མཛད་སྒོར་ཞུགས།

དགོང་མོའི་རྒྱལ་ཁབ་ལུས་རྩལ་ར་བ་རུ་གློག་འོད་རྣམ་པར་བཀྲ་ཞིང་མཛེས་སྡུག་ཡིད་དུ་འོང་། འཛམ་གླིང་ཡོངས་སུ་སྙན་པའི་གྲགས་པ་ལྡིར་བའི་བཟོ་བཀོད་བྱ་ཚང་གིས་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་ནས་འཛམ་གླིང་སྟེང་ཆེས་ཐོག་མར་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་གཉི་གའི་འགོ་རྩོམ་མཛད་སྒོ་བསྡུ་སའི་ལུས་རྩལ་ར་བར་གྱུར།

དུས་ཚོད་བཅུ་དགུ་དང་སྐར་མ་བཅོ་ལྔའི་སྟེང་། འཛམ་གླིང་གི་ས་ཆ་སོ་སོའི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་། སྲིད་གཞུང་གི་འགོ་གཙོ། རྒྱལ་རྒྱུད། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་སོགས་སྐུ་མགྲོན་རྣམས་རིམ་བཞིན་ཚོགས་རར་ཐོན་སྐབས། གསེར་ལྡན་ཚོམས་ཆེན་དུ་ལོ་སར་གྱི་དགའ་སྐྱིད་དང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གསོན་ཤུགས་ཀྱིས་ཁེངས་ཡོད།

མཛད་སྒོ་དངོས་སུ་འགོ་མ་བརྩམས་གོང་། རྒྱལ་ཁབ་ལུས་རྩལ་ར་བ་རུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད། རོལ་དབྱངས་སྙན་མོ་དང་བསྡེབས་ནས། པེ་ཅིང་དང་ཧི་པེ་ས་ཆ་གཉིས་ཀྱི་མང་ཚོགས་ཀྱིས་ལུས་རྩལ་ར་བ་རུ་གར་གྱི་སྟངས་སྟབས་བསྒྱུར་ནས་ཕྱོགས་ཀྱི་མགྲོན་པོ་བསུས། ཚོགས་ར་དེ་རུ་ཀྲུང་གོའི་ལོ་སར་གྱི་དགའ་སྐྱིད་རྣམ་པ་བསྐྲུན་ཡོད། བརྙན་ཡོལ་ཆེན་པོ་ལས་ཧི་པེ་ཀྲང་ཅ་ཁུག་དང་ཧེ་ལུང་ཅང་ཧ་ཨར་པེན། ཅང་སུའུ་ནན་ཅིན་སོགས་རྒྱལ་ནང་གི་གྲོང་ཁྱེར་བཅུའི་མང་ཚོགས་ཀྱིས་འཛམ་གླིང་ཡོངས་ལ་མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ལ་ཞུགས་པའི་འདུན་པ་དང་སྤྲོ་སེམས་ངོམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ཡིས་ཀྱང་བརྙན་ལམ་ནས་ཤིས་ཚིག་ཕུལ། ཚོགས་རའི་ནང་དང་ཚོགས་རའི་ཕྱི། ཀྲུང་གོ་དང་འཛམ་གླིང་གིས་མཉམ་དུ་མ་འོངས་པར་ཕྱོགས་པ་ཞེས་པ་བརྗོད་གཞི་ཡིན་པའི་གངས་འཁྱགས་ལུས་རྩལ་གྱི་དགའ་སྟོན་ལ་རོལ།

དུས་ཚོད་བཅུ་བདུན་དང་སྐར་མ་ང་བདུན་སྟེང་། ལུས་རྩལ་ར་བའི་དཀྱིལ་དབུས་སུ“ལོ་སར་བཟང”ཞེས་པའི་རྒྱ་དབྱིན་ཡིག་རིགས་སྣ་གཉིས་ཆེས་ཆེར་མངོན། 《ཞི་བདེ། ལས་དབང་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་པ་ཧི་སོགས་དང་མཉམ་དུ་ཀྲུའུ་ཞི་སྟེགས་བུའི་སྟེང་ཕེབས་ནས་ལྟད་མོ་བ་རྣམས་ལ་གུས་འདུད་ཞུས་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་དང་དགའ་འབོད་ཀྱིས་ཁེངས།

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཚིགས་ཉེར་བཞི་ལས་དུས་ཚིགས་དང་པོ་དཔྱིད་ཚུགས་ཡིན། དུས་ཚོད་བརྒྱད་ཀྱི་སྟེང་ཀྲུང་གོའི་སྲོལ་རྒྱུན་སྐར་རྩིས་ཀྱི་དུས་ཀྱི་འཁོར་ལོ་བར་མེད་འཁོར་བའི་རྣམ་པ་ལས་མཛད་སྒོ་འགོ་རྩོམ་པའི་དུས་ཚོད་ལྡོག་རྩིས་བྱེད་འགོ་བརྩམས་ཤིང་། བརྙན་ཡོལ་ཆེན་པོའི་ངོས་སུ་རིམ་བཞིན་དུས་ཚིགས་ཉེར་བཞི་ཤར་བ་དང་། ཚོགས་རའི་ལྟ་མོ་བ་ཀུན་གྱིས་སྐད་གསང་མཐོན་པོས་གྲངས་ཀའི་འགྱུར་ལྡོག་དང་བསྟུན་ནས་བཅུ་ནས་གཅིག་བར་དུས་ཚོད་ལྡོག་རྩིས་བྱས། དགའ་སྤྲོའི་འབོད་སྒྲའི་ཁྲོད་དུ་ལུས་རྩལ་ར་བའི་དཀྱིལ་དབུས་ནས་དཀར་གསལ་གྱི་ཟླ་བ་ཞིག་དལ་གྱིས་འཕགས་པ་དང་། ཡིད་འོང་ཕྱེ་ལེབ་ཀྱི་ཚོགས་ལྡེམ་མྱུར་གར་ལ་རྩེན། ཁུར་མོང་མེ་ཏོག་གི་ས་བོན་མཁའ་རུ་འཕྱོ་བ་དང་། ཚོན་མདངས་བཀྲ་བའི་ཤོག་སྦག་བྱ་ཚང་གི་བར་སྣང་དུ་རྒྱ་དབྱིན་ཡིག་རིགས་སྣ་གཉིས་ཀྱི་“དཔྱིད་ཚུགས”ཞེས་པའི་དབྱིབས་སུ་བསྡེབས་ཏེ་ཁྲ་ལྷམ་མེར་བཀད་པ་དེས་གྲང་འཁྱག་གི་དགུན་ཁར་དྲོད་འཇམ་དཔྱིད་ཀྱི་ཁ་དོག་བསྣན།

༣.jpg

ཟླ2པའི་ཚེས4ཉིན་གྱི་དགོང་མོར། པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་འགོ་རྩོམ་པའི་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྟེགས་བུའི་སྟེང་ཚང་མར་ཕྱག་གཡུག་གནང་བའི་ཚུལ་རེད།

སྙན་སྒྲོན་པས་ལྟད་མོ་བར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་གཉིས་མཚམས་སྦྱོར་བྱས་པ་དང་། ཞི་ཅིན་ཕིང་དང་པ་ཧི་གཉིས་ཡར་བཞེངས་ནས་ཚང་མར་ཕྱག་གཡུག་གནང་བ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

སྒྲ་དུང་འབུད་མཁན་གྱི་བྱིས་པ་ཞིག་གིས《ང་དང་ང་ཡི་མེས་རྒྱལ》ཞེས་པའི་སྙན་འཇེབས་རོལ་དབྱངས་དཀྲོལ་བ་ན། ཀྲུང་གོའི་ལས་རིགས་སོ་སོ་དང་། སྔོན་ཐོན་དཔེ་ལེགས་མི་སྣ། མི་རིགས་ང་དྲུག་བཅས་ཀྱི་འཐུས་མིས་གཅིག་ནས་གཅིག་བརྒྱུད་དེ་བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་དལ་གྱིས་ལུས་རྩལ་ར་བའི་རྒྱལ་དར་སྒྲེང་སར་བརྒྱུད་སྤྲོད་བྱས་ཏེ། གུས་ལུགས་དམག་མིའི་ལག་ཏུ་བཞག ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། སྐར་ལྔའི་དར་མར་དལ་གྱིས་འཕགས་ཤིང་ལྷབ་ལྷུབ་བསྐྱོད།

ཚོགས་རའི་གློག་འོད་མོག་པོར་གྱུར་པ་དང་། སྣག་ཚ་སྔོན་པོའི་ཐིགས་པ་གཅིག་དཔྱངས་ཡོལ་ཆེན་པོ་བརྒྱུད་དེ་གནམ་ནས་བབས་ཤིང་རྨ་ཆུར་གྱུར་ཏེ། ལེ་དབར་སྟོང་ཕྲག་གི་སར་དྲག་ཏུ་བཞུར་ཞིང་། ཆལ་ཆིལ་གཡོ་བའི་རླབས་ཕྲེང་ལས་གངས་འཁྱགས་ཀྱི་འཇིག་རྟེན་ཞིག་གྲུབ། འཁྱགས་རོམ་གྲུ་བཞི་ལྷམ་པ་ཆེན་པོ་ཞིག་གངས་འཁྱགས་ཀྱི་ཀློང་ནས་འཕགས་པ་དེའི་སྟེང་དུ་རྐོ་གྲིའི་འོད་ཞགས་ཉེར་བཞིས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་པོ་བསྒྲུབས་མྱོང་བའི་གྲོང་ཁྱེར་དག་གི་ལོ་རྒྱུས་གསལ་ལེར་བརྐོས་པ་དང་། མཐའ་མཇུག“2022 ཀྲུང་གོ་པེ་ཅིང”ཞེས་བརྐོས། འཁྱགས་གྲུག་ལུས་རྩལ་པ་དྲུག་གིས་དབྱུག་པས་འཁྱགས་གྲུག་ལ་རྡེག་པའི་ཉམས་ལ་བརྟེན་ནས་རྐོ་དྲིའི་འོད་ཞགས་ཀྱི་སྣེ་དྲངས་ཏེ་མཇུག་མཐར་འཁྱགས་རོམ་གྲུ་བཞི་ལྷམ་པ་དེ་དྭངས་གསལ་གསལ་གྱི་གངས་འཁྱགས་ཀྱི་ཨ་ལོང་ལྔ་རུ་གྱུར།

དུས་ཚོད་ཉི་ཤུ་དང་སྐར་མ་བཅུ་བདུན་སྟེང་། ལུས་རྩལ་པ་རྣམས་ཚོགས་རར་ཡོང་འགོ་བརྩམས། འཁྱགས་རོམ་ལས་བརྐོས་པའི་ཀྲུང་གོའི་སྒོ་མོ་ཕྱེས་པ་ན། ཨོ་ལིན་ཕིག་ལུས་རྩལ་གྱི་སྲོལ་འབྱེད་ཡུལ་ཞི་ལའི་འཐུས་ཚབ་ཚོགས་པ་ཐོག་མར་ཚོགས་རར་ཐོན་པ་དང་། སྐབས་རྗེས་མའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་ཡུལ་དབྱི་ཐ་ལིའི་འཐུས་ཚབ་ཚོགས་པ་དང་སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་བདག་པོ་རྒྱལ་ཁབ་ཀྲུང་གོའི་འཐུས་ཚབ་ཚོགས་པ་མཇུག་མཐར་ཚོགས་རར་ཐོན། སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་བསྡོམས་པས་རྒྱལ་ཁབ་དང་ས་ཁུལ་གོ་གཅིག་གི་འཐུས་ཚོགས་པ་ཞུགས་ཡོད། རྗེས་ཕྱོགས་ཀྱི་ཉིན་བཅུ་དྲུག་རིང་ལ། ལུས་རྩལ་པ་སུམ་སྟོང་ཙམ་གྱིས་ཨ་ལོང་ལྔ་འབྲེལ་གྱི་དར་ཆའི་འོག་ཏུ་ལུས་རྩལ་འགྲན་རྒྱུ་རེད། འཛམ་གླིང་གི་གླུ་གཞས་གྲགས་ཅན་བཅུ་དགུ་མུ་ནས་མུ་རུ་འབྲེལ་བའི་རྒྱབ་ལྗོངས་རོལ་དབྱངས་ཁྲོད་དུ། ལུས་རྩལ་པ་རྣམས་ལུས་རྩལ་ར་བར་ཐོན་ནས་ལྟ་མོ་བ་དག་ལ་ལག་གཡུགས་བྱས། ཡུལ་དངོས་ཀྱི་ལྟད་མོ་བས་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་རྡེབ་པ་དང་དགའ་འབོད་བྱས་ཏེ་ཁོ་ཚོར་དགའ་བསུ་ཞུས།

《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་རོལ་དབྱངས་སྙན་མོའི་ཁྲོད་ནས། ཀྲུང་གོའི་འཐུས་ཚབ་ཚོགས་པ་ཆེས་མཇུག་མཐར་ཚོགས་རར་ཐོན་པ་དང་། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲ་དང་དགའ་འབོད་ཀྱིས་ཁེངས། སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་ཚབ་ཚོགས་པར་བསྡོམས་པས་མི་སུམ་བརྒྱ་དང་གྱ་བརྒྱད་ཡོད་པ་དང་། དེའི་ནང་དུ་ལུས་རྩལ་པ་བརྒྱ་དང་དོན་བདུན་ཡོད་ལ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་རང་རྒྱལ་གྱི་མི་ཆེས་མང་པོ་ཞུགས་པའི་འགྲན་ཚོགས་ཤིག་རེད།

ལུས་རྩལ་པ་རྣམས་ཚོགས་རར་ཡོང་ཚར་རྗེས། འཐུས་ཚབ་ཚོགས་པ་སོ་སོའི་ཁྲིད་སྟོན་པས་ཁ་བའི་འདབ་མའི་དབྱིབས་ལས་གྲུབ་པའི་ཁྲིད་སྟོན་བྱང་བུ་རྣམས་གཅིག་ཏུ་བསྡུས་ཏེ་ཁ་བའི་མེ་ཏོག་ཆེན་པོ་ཞིག་གྲུབ་པར་བྱས་ལ། བརྙན་ཡོལ་ཆེན་པོ་ལས《སྔར་ལས་སྟོབས་དང་ལྡན་ཞིང་སྔར་ལས་མཐུན་སྒྲིལ་ཆེ》ཞེས་པའི་བརྙན་རིས་ཐུང་ངུ་བསྟན་ནས། འགོ་རྩོམ་མཛད་སྒོའི“འཛམ་གླིང་སྤྱི་མཐུན་དང་གཤམ་འོག་ཁྱིམ་གཅིག”ཅེས་པའི་བརྗོད་གཞི་གསལ་ལྷང་ལྷང་དུ་མཚོན་པར་བྱས།

དེའི་རྗེས་སུ། པེ་ཅིང་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚའེ་ཆི་ཡིས་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། ཀྲུང་གོའི་ཆུ་ཕོ་སྟག་ལོའི་ལོ་སར་གྱི་སྐབས་འདིར། འཛམ་གླིང་གི་ས་ཆ་སོ་སོའི་ལུས་རྩལ་པ་དང་རྩལ་ཁྲིད་པ། སྐུ་མགྲོན་རྣམས་པེ་ཅིང་དུ་ལྷན་འཛོམས་བྱུང་ཞིང་། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་མཉམ་དུ་རོལ་ནས། པེ་ཅིང་འཛམ་གླིང་སྟེང་ཆེས་ཐོག་མར་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་གཉི་ག་བསྡུས་པའི་གྲོང་ཁྱེར་དུ་གྱུར་པར་བདེན་དཔང་བྱས་པ་དང་། ཀྲུང་གོས་ཨོ་ལིན་ཕིག་ལུས་རྩལ་ཐད་མུ་མཐུད་དུ་ངོ་མཚར་མཛད་རྗེས་བཞག་པར་བདེན་དཔང་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་དངོས་ཀྱི་སྐུལ་འདེད་དང་ཀྲུང་གོ་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ང་ཚོས་ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་བསྡུ་བའི་འདུ་ཤེས་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་དང་མཉམ་ལས་དམ་པོས་རིམས་ནད་ཀྱི་གནོད་པ་སེལ་ནས། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དུས་ལྟར་བསྡུ་འགོ་བརྩམས་ཏེ། འཛམ་གླིང་ཡོངས་ལ་མིའི་རིགས་དཀའ་ཁག་ལས་རྣམ་པར་རྒྱལ་བའི་འགྱུར་མེད་བློ་སྤོབས་ངོམས་ཡོད། ང་ཚོས་ལག་གདང་མཉམ་སྦྲེལ་གྱིས་མཉམ་དུ་མ་འོངས་པར་ཕྱོགས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལོ་རྒྱུས་གསར་པ་རྩོམ་དགོས་ཟེར།

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་ཤིས་ཚིག་ཕུལ། ཁོས་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་སྲིད་གཞུང་སྡེ་ཁག ཀྲུང་གོ་མི་དམངས་ཡོངས་བཅས་ལ་བཀའ་དྲིན་ཞུས། པ་ཧི་ཡིས་བཤད་རྒྱུར། ཀྲུང་གོས་དགུན་ཁའི་ལུས་རྩལ་ཐད་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་པ་དང་། འཛམ་གླིང་གི་དགུན་ཁའི་ལུས་རྩལ་གྱི་དུས་རབས་གསར་པའི་སྒོ་འཕར་ཕྱེས་པས། འཛམ་གླིང་གི་དགུན་ཁའི་ལུས་རྩལ་ལ་ཞུགས་ཚད་ཆུ་ཚད་གསར་པར་བསླེབས་པ་དང་། ཀྲུང་གོ་མི་དམངས་དང་འཛམ་གླིང་ཡོངས་ཀྱི་ས་ཆ་སོ་སོའི་དགུན་ཁའི་ལུས་རྩལ་ལ་དགའ་མཁན་རྣམས་ལ་ཕན་བཏགས་ཡོད་ཟེར།

༤.jpg

ཟླ2པའི་ཚེས4ཉིན་གྱི་དགོང་མོར། པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་འགོ་རྩོམ་པའི་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པར་མ་ཟད་སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་མཛད།

དུས་ཚོད་ཉེར་གཅིག་དང་སྐར་མ་ང་གཅིག་སྟེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་འགོ་བརྩམས་པ་ཁྱབ་བསྒྲགས་གནང་བ་ན། ཚོགས་རའི་མི་ཐམས་ཅད་དགའ་བས་མྱོས་པ་དང་། ཚོན་མདངས་སྣ་ལྔའི་ཤོག་སྦག་གིས་བར་སྣང་ལེགས་པར་བརྒྱན་ལ། འཛམ་གླིང་གི་ས་ཆ་སོ་སོ་ནས་ཡོང་བའི་སྐུ་མགྲོན་རྣམས་ཀྱིས་དགའ་བའི་ཐལ་མོ་བརྡེབས་པ་དང་དགའ་འབོད་བྱས།

འཛམ་གླིང་གི་ས་ཆ་སོ་སོའི་ན་གཞོན་དོན་དྲུག་ལུས་རྩལ་ར་བར་ཐོན་ནས་དཔུང་པ་གཤིབས་ནས་མདུན་དུ་བསྐྱོད་པ་དང་། ཁོ་ཚོ་ཐོན་ས་རུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་དཀའ་ངལ་མཉམ་སེལ་གྱིས་ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་པའི་པར་རིས་རིང་མོ་དལ་གྱིས་མངོན་འོང་ལ། རིམ་གྱིས“མཉམ་དུ་མ་འོངས་པར་ཕྱོགས་པ”ཞེས་པའི་རྒྱ་དབྱིན་ཡིག་རིགས་སྣ་གཉིས་སུ་གྱུར་ནས་ལག་གདང་མཉམ་སྦྲེལ་དང་མ་འོངས་གསར་གཏོད་བྱེད་པའི་རེ་འདོད་བཟང་པོ་མཚོན་པར་བྱས།

ཧི་པེ་ཞིང་ཆེན་གྱི་རི་ཁུལ་ནས་ཡོང་བའི་བྱིས་པ་ཞེ་བཞིས་ཞི་ལའི་སྐད་ཀྱིས་ཨོ་ལིན་ཕིག་ཚོགས་པའི་ཚོགས་གླུ་བླངས། གླུ་སྐད་ཁྲོད་དུ་ཨོ་ལིན་ཕིག་ཚོགས་པའི་དར་ཆ་དལ་གྱིས་བསྒྲེངས་པ་དང་། སྐར་ལྔའི་དར་དམར་དང་ལྷན་དུ་ལྷབ་ལྷུབ་བསྐྱོད།

ཨ་ལོང་ལྔ་འབྲེལ་གྱི་དར་ཆའི་མདུན་ནས། ལུས་རྩལ་པ་དང་ཤན་འབྱེད་པ། རྩལ་ཁྲིད་པ་དང་དཔོན་རིགས་ཀྱི་འཐུས་ཚབ་པས་ཀུན་གྱི་ཚབ་བྱས་ཏེ་དམ་བཅའ་བཞག

དུས་ཚོད་བཅུ་དང་སྐར་མ་བཅུའི་སྟེང་། ཨོ་ལིན་ཕི་ཡ་ནས་བླངས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་རྒྱལ་ཁབ་ལུས་རྩལ་ར་བར་འབྱོར། དཔལ་འབར་འཛིན་མཁན་བདུན་གྱིས་ལུས་རྩལ་ར་བ་ནས་མཇུག་མཐའི་དཔལ་འབར་བརྒྱུད་སྤྲོད་བྱས་པ་དང་། མཇུག་མཐར་དཔལ་འབར་འཛིན་མཁན་གཉིས་ཀྱིས་དཔལ་འབར་ཁ་བའི་མེ་ཏོག་ཆེན་པོ་ལས་གྲུབ་པའི་དཔལ་འབར་གཙོ་བོའི་དཀྱིལ་དུ་བཙུགས་ནས་དཔལ་འབར་བསྒྲོན་པ་ན། ལུས་རྩལ་ར་བ་ཡོངས་སུ་དགའ་སྤྲོའི་ཡོ་ལང་རྒྱས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁམ་ཕུ་ཀྲེའི་རྒྱལ་པོ་ཞི་ཧ་མོ་ཉི། སང་ག་ཕོར་གྱི་ཙུང་ཐུང་ཧ་ལེ་མཱ། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་སོགས་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་དཔོན་ཕྱོགས་ཀྱི་འཐུས་ཚབ་པ་བདུན་ཅུ་ཙམ་མཛད་སྒོར་ཞུགས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་མཛད་སྒོར་ཞུགས།

ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་དང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ཧུང་ཞིའུ་ཀྲུའུ་མཛད་སྒོར་ཞུགས།

རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་སོགས་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།