ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་དབྱི་སི་རལ་བར་གྱི་གསར་སྐྲུན་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པར་མགོ་མཛིན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་དབྱི་སི་རལ་གྱི་འགན་སྒུག་ཙུང་ལིའམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལཱ་ཕི་ཏེ་དང་མཉམ་དུ་ཀྲུང་གོ་དང་དབྱི་སི་རལ་བར་གྱི་གསར་སྐྲུན་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་བ་འཚོགས་པར་མགོ་མཛིན་གནང་།

པར་འདི་ནི་ཟླ1པོའི་ཚེས24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་དབྱི་སི་རལ་གྱི་འགན་སྒུག་ཙུང་ལིའམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལཱ་ཕི་ཏེ་དང་མཉམ་དུ་ཀྲུང་གོ་དང་དབྱི་སི་རལ་བར་གྱི་གསར་སྐྲུན་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་བའི་སྟེང་མགོ་མཛིན་གནང་བཞིན་པའི་རྣམ་པ་རེད། 

ཝང་ཆི་ཧྲན་དང་ལཱ་ཕི་ཏེ་རྣམ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་སི་རལ་གྱི་སྲིད་འཛིན་དབྱི་སཱ་ཁུ·ཧི་ཨར་ཙའོ་ཀུ་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་ཕན་ཚུན་ལ་སྤྲིངས་པའི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས། ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོན་པོས་ཀྲུང་གོ་དང་དབྱི་སི་རལ་བར་གྱི་ལོ་ངོ30རིང་གི་འཕེལ་རྒྱས་ལ་གདེང་འཇོག་ཚད་མེད་གནང་བ་མ་ཟད། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་བར་གྱི་གསར་སྐྲུན་མཉམ་ལས་གཏིང་ཟབ་དུ་སྤེལ་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་བྱ་རྒྱུ་ཡིན་པའི་རེ་བ་བཏོན། ན་ནིང་གི་ཟླ11པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཧི་ཨར་ཙའོ་ཀུ་གཉིས་ཀྱིས་ཁ་པར་ནང་བསྟན་དོན། ཀྲུང་གོ་དང་དབྱི་སི་རལ་བར་གྱི་འབྲེལ་བ་དེ་ལོ་ངོ30རིང་མཆོང་བསྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བ་དེ་གཙོ་བོར་ཕན་ཚུན་བར་བདག་དབང་ལ་བརྩི་འཇོག་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་གལ་ཆེན་དུ་བརྩི་བ་དང་། ཀྲུང་གོ་དང་དབྱི་སི་རལ་གཉིས་ཀྱི་དཔལ་འབྱོར་ལེགས་ཆ་རྣམས་ཕན་ཚུན་གསབ་རེས་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ངོ་བོ་གཉིས་ཕན་མཉམ་ལས་ཡིན་སྟབས། མཉམ་ལས་གྲུབ་འབྲས་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་པར་བྱེད་པ་ལས་ཕྱོགས་གསུམ་པར་མི་དམིགས་ཤིང་། ཕྱོགས་གསུམ་པ་ལས་ཤུགས་རྐྱེན་ཐེབས་མི་སྲིད་པ་རེད། 

ཝང་ཆི་ཧྲན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་གནས་ཚུལ་མཉམ་དུ་འདྲེས་ཡོད་པས་གོ་ལ་ཧྲིལ་བོའི་དཔལ་འབྱོར་སླར་གསོ་འབྱུང་བར་དཀའ་ཁག་ཅུང་ཆེ་བ་རེད། འདི་ནི་ཚང་མས་ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་བྱེད་དགོས་པའི་དུས་རབས་ཤིག་དང་། སྔར་ལས་འཆམ་མཐུན་མཉམ་གནས་དང་ལས་དབང་གཅིག་འབྲེལ་གྱི་དུས་རབས་ཤིག་ཡིན་པ་རེད། ང་ཚོས་སྒོ་འབྱེད་མཉམ་ལས་བྱ་རྒྱུ་ནི་ཡང་དག་པའི་འགྲོ་ལམ་ཡིན་པ་དང་དངོས་དོན་གྱི་ཕྱོགས་མང་རིང་ལུགས་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་པ་གསལ་བོ་ཤེས་དགོས། ཀྲུང་གོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་སྟེང་བསྐྱོད་བཞིན་ཡོད་ལ། བློ་བརྟན་འགྱུར་མེད་སྒོས་ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱིའི་ཅན། སྟབས་བདེ་ཅན་བཅས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་ནས། གསར་སྐྲུན་གྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་སྤེལ་དང་དངོས་འབེབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། མཉམ་ལས་མཉམ་རྒྱལ་དང་མཉམ་ལས་མཉམ་ཁུར། མཉམ་ལས་མཉམ་སྐྱོང་ཀི་ཐུན་མོང་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ། གོ་ལ་ཧྲིལ་བོའི་དཔལ་འབྱོར་དེ་སྒོ་འབྱེད་དང་དཀྱེལ་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་སྤེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས།

ལཱ་ཕི་ཏེ་ཡིས་བསྟན་དོན། གཏིང་ཟབ་སྒོས་གསར་སྐྲུན་མཉམ་ལས་བྱ་རྒྱུ་ནི་དབྱི་སི་རལ་དང་ཀྲུང་གོའི་མགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་གཙོ་བོ་རེད། ཕྱི་འབྲེལ་བཙུགས་པའི་ལོ་ངོ30རིང་། དབྱི་སི་རལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་བཟང་ལ། གསར་སྐྲུན་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་རེད། དབྱི་སི་རལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་དམ་ཟབ་བྱས་ཏེ། མཉམ་འབྲེལ་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། དབྱི་སི་རལ་དང་ཀྲུང་གོའི་གསར་སྐྲུན་མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

ཚོགས་ཐོག་ཏུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་འདས་པའི་ལོ་ངོ་གསུམ་རིང་ཕྱོགས་གཉིས་ཀྱིས་ཚན་རྩལ་དང་དཔལ་འབྱོར་ཉོ་ཚོང་། འཕྲོད་བསྟེན། ཁོར་སྲུང་། ཞིང་ལས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་སྐོར་གྱི་སྙན་ཞུ་དང་དུས་རིམ་རྗེས་མའི་མཉམ་ལས་དམིགས་འབེན་དང་བྱེད་ཐབས་སོགས་ཀྱི་གནས་ཚུལ་ལ་ཉན། ཝང་ཆི་ཧན་དང་ལཱ་ཕི་ཏེ་རྣམ་གཉིས་ཀྱིས་མཉམ་དུ《ཀྲུང་གོ་དང་དབྱི་སི་རལ་བར་གྱི་གསར་སྐྲུན་མཉམ་ལས་ཀྱི་འཆར་གཞི(2022-2024)》སྟེང་མིང་རྟགས་བཀོད་དེ། ཚན་རྩལ་དང་འཕྲོད་བསྟེན། རིག་གནས། ཁོར་སྲུང་། ནུས་ཁུངས་གསར་བ། ཤེས་བྱའི་བདག་དབང་བཅས་ཁྱབ་ཁོངས7གྱི་མཉམ་ལས་གྲོས་མཐུན་སྟེང་མིང་རྟགས་བཀོད་པ་མ་ཟད། ཀྲུང་གོ་དང་དབྱི་སི་རལ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པའི་རོལ་དབྱངས་ཚོགས་འདུའི་དྲ་སྟེང་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།