ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་དྲ་ལམ་ནས་སྲིད་གླེང་བྱེད་པའི་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་དྲ་ལམ་ནས་སྲིད་གླེང་བྱེད་པའི་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་འགོ་འཛིན་བྱས་ཏེ་གཏམ་བཤད་ནས་ནན་གྱིས་བསྟན་དོན། རིག་ནུས་དངོས་སྐྱེལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་། རིག་ནུས་དངོས་སྐྱེལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཚོང་ར་གཙོ་བོ་དང་སྲིད་གཞུང་གིས་ཁྲིད་སྟོན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཇུས་འགོད་རྩེ་གྲས་ལ་ཤུགས་སྣོན་དང་གཞི་རིམ་གྱི་འཚོལ་ཞིབ་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ལག་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ཕན་ཚུན་སྐུལ་སྤེལ་བྱེད་པར་ཤུགས་བསྣན་ནས། རང་རྒྱལ་གྱི་དངོས་ཟོག་སྐྱེལ་འདྲེན་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ། མ་རྩ་ཇེ་དམའ་རུ་གཏོང་བ། ནུས་ཁུངས་གྲོན་ཆུང་བཅས་ལ་སྐུལ་འདེད་བཏང་སྟེ། དངོས་ཟོག་སྐྱེལ་འདྲེན་གྱི་རྒྱལ་ཁབ་ཆེན་པོ་ནས་དངོས་ཟོག་སྐྱེལ་འདྲེན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་མགྱོགས་མྱུར་ངང་བསྐྱོད་དགོས།

སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མངགས་གདན་ཞུའི་འཐུས་མི་དགུ་ཡིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་། ཀོང་ཏུང་དང་སི་ཁྲོན་བཅས་ཀྱི་ཚོགས་ར་གསུམ་དང་དེ་བཞིན་ཁ་པར་གྱི་བརྙན་ལམ་འབྲེལ་མཐུད་བྱེད་ཐབས་བརྒྱུད་ནས་གཏམ་བཤད་བྱས་པ་དང་། ཨུ་ཡོན་བརྒྱ་ལྷག་ཙམ་གྱིས་སྒུལ་བདེའི་འགན་སྒྲུབ་སྟེགས་བུའི་སྟེང་ནས་བསམ་འཆར་བཏོན། ཚང་མས་འདོད་དོན། རིག་ནུས་དངོས་སྐྱེལ་ལ་སྦྲེལ་མཐུད་རང་བཞིན་ཆེ་བ་དང་མཉམ་འདྲེས་རྒྱ་ཆེ་བ། དཔལ་འབྱོར་མ་རྩ་དམའ་བ། འཁོར་སྐྱོད་ལས་ཆོད་མཐོ་བ། སྐྱེ་ཁམས་ཕན་འབྲས་ལེགས་པ་སོགས་ཀྱི་ཕན་འབྲས་ངེས་ཅན་ལྡན་པས། དེང་རབས་དངོས་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་ཐུབ་ཡོད། ཕྱོགས་དུ་མའི་ཐུན་མོང་འབད་བརྩོན་འོག་ཏུ། རང་རྒྱལ་རིག་ནུས་དངོས་སྐྱེལ་འཕེལ་རྒྱས་ཐད་ནས་གོམ་སྟབས་བརྟན་པོ་སྤོས་ཡོད་ནའང་། ཁྲིམས་སྲོལ་གྱི་ཚད་གཞི་དང་གཞི་གྲངས་མཉམ་སྤྱོད། ལས་རིགས་ཀྱི་ལྟ་སྐུལ་དོ་དམ། སྲིད་ཇུས་ཀྱི་འདེགས་སྐྱོར་སོགས་ཐད་སྔར་བཞིན་དཀའ་གནད་མི་ཉུང་བ་ཞིག་གནས་ཡོད།

ཨུ་ཡོན་ཚོས་བསམ་འཆར་བཏོན་དོན། རིག་ནུས་དངོས་སྐྱེལ་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་སྟེ། འཁྱག་སྦྲེལ་དངོས་སྐྱེལ་དང་འཕྲལ་སྡོམ་དངོས་སྐྱེལ། གྲོང་གསེབ་ཀྱི་དངོས་སྐྱེལ་སྒྲིག་ཆས་བཅས་ཀྱི་ཞན་ཆ་གསབ་ནས། ཕན་ཚུན་འབྲེལ་མཐུད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། སྣེ་འདྲེན་ཁེ་ལས་ཀྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱས་ནས། ཚད་གཞི་མི་འདང་བ་དང་གཅིག་གྱུར་མེད་པ། འབྲེལ་མཐུད་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། དངོས་སྐྱེལ་གཞི་གྲངས་ཀྱི་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། “གཞི་གྲངས་ཁེར་ཆགས་གནས་དང་གཞི་གྲངས་ཀྱི་བཀག་རྒྱ་སེལ་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྡེ་ཁག་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འགོག་རྐྱེན་གྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བཅས་བྱེད་དགོས། ཆེད་ལས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ལ་ཚོད་ལྟ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དཀའ་གནད་འབུར་ཐོན་ཅན་སེལ་བ། དཔེ་མཚོན་ཉམས་མྱོང་ཁྱབ་བརྡལ་དུ་གཏོང་བ་བཅས་བྱེད་དགོས།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། བཟོ་ལས་དང་ཆ་འཕྲིན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ་ཡི་འགན་འཁུར་བ་བཅས་ཀྱིས་ཡུལ་དངོས་ནས་གྲོས་མོལ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།