ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལི་ཧྥན་མིང་ཀྲིན་ལ་ཁ་པར་བཏང་ནས་སྔར་བས་ཆུ་ཚད་མཐོ་བའི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་གུ་རུ་ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལི་ཧྥན་མིང་ཀྲིན་ལ་ཁ་པར་བཏང་། 

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕན་ཚུལ་ལ་ལོ་གསར་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས། ལི་ཁེ་ཆང་གིས་བཤད་རྒྱུར། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ནི་རི་ཆུ་ཕན་ཚུན་འདྲེས་ལ་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་ལྡན་པ་རེད། འདས་པའི་ལོ་གཅིག་གི་རིང་། སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་མཉམ་དུ་ཐེངས་མང་པོར་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་འཐབ་ཇུས་ཡིད་ཆེས་སྲ་བརྟན་དང་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་བརླིང་དང་བདེ་ཐང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་པ་རེད། ལོ་གསར་བའི་ནང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་ཕྱོགས་སོ་སོའི་འགྲོ་འོང་གཏིང་ཟབ་དུ་སྤེལ་བ། མུ་མཐུད་དུ་རིམས་ནད་བཀག་སྡོམ་ཐད་མཉམ་ལས་བཅས་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་པར་བྱེད་རྒྱུ་ཡིན། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ་ཡིན་སྟབས་ན་ནིང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་ལ་གྲུབ་འབྲས་མི་དམན་པ་ཐོབ། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱི་ཞིང་ལས་ཐོན་རྫས་ལེགས་གྲས་རྣམས་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་རྒྱུ་ཡིན།

ཧྥན་མིང་ཀྲིན་གྱིས་ཀྲུང་གོའི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བར་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོ་ནི་ཡོ་ནན་གྱི་དམིགས་བསལ་རོགས་ཟླ་ཡིན་པས་ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱ་རྒྱུ་ནི་ཡོ་ནན་གྱི་ཕྱི་འབྲེལ་ལས་དོན་གྲས་ཀྱི་དོན་དག་གལ་ཆེན་ཞིག་ཡིན། ཡོ་ནན་ཕྱོགས་ཀྱིས་ནམ་ཡང་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་དང་། རྒྱལ་ཁབ་སྟོབས་ལྡན་འཕེལ་རྒྱས་སུ་སོང་སྟེ་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་བྱེད་ནུས་གལ་ཆེན་འདོན་པར་རྒྱབ་སྐྱོར་དང་། ཀྲུང་གོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་འཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་འབྲེལ་འདྲིས་དང་ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་རྒྱུ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྤུས་ཚད་ཇེ་མཐོར་གཏོང་བ། ནུས་ཡོད་ཀྱི་རིམས་འགོག་མཉམ་ལས་དམ་ཟབ་བྱེད་པ། མཐའ་མཚམས་འགག་སྒོའི་འགག་སྒྲོལ་ལས་ཆོད་ཆེ་རུ་གཏོང་བ། ཕྱོགས་མང་མཉམ་ལས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལྟ་ཚུལ་མི་མཐུན་པར་འོས་འཚམས་སྒོས་ཐག་གཅོད་བཅས་བྱས་ཏེ། མུ་མཐུད་དུ་ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་བྱ་འདོད་ཡོད་ཞེས་བསྟན།

ཧི་ལི་ཧྥུན་གོང་གི་བྱ་འགུལ་ནང་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།