ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མ་ཨར་ཐ་ཡི་ཙུང་ཐུང་ཝུའེ་ལྭ་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཨར་ཐ་ཡི་ཙུང་ཐུང་ཝུའེ་ལྭ་ལ་ཁ་པར་བཏང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕན་ཚུན་ལ་ལོ་གསར་གྱི་འཚམས་འདྲི་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་མ་རྒྱལ་ཁབ་གཉིས་ནི་དུས་ཚོད་ཀྱི་ཚོད་བགམ་ཐེག་པའི་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་བོ་ཡིན། དུས་རབས་ཕྱེད་ཀའི་སྔོན་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྒན་རབས་ཚོས་གཟིགས་རྒྱང་རིང་པོའི་སྒོ་ནས་ཐུན་མོང་ཐོག་ཀྲུང་མ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་བཙུགས།  ལོ་50ཡི་རིང་། རྒྱལ་སྤྱིའི་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཀྲུང་མའི་འབྲེལ་བ་ཐོག་མཐའ་ཀུན་དུ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་པྲོག་གསར་གློ་ཚད་ཀྱི་འགྲན་སློང་ལ་དམིགས་ནས། ཕྱོགས་གཉིས་ཀྱིས་ཐོག་མཐའ་ཀུན་དུ་ཕན་ཚུན་ལྟ་སྐྱོང་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ཀྲུང་མ་ཡི་འབྲེལ་བ་དེ་ཆེ་ཆུང་མི་འདྲ་བ་དང་། སྤྱི་ཚོགས་ལམ་ལུགས་མི་འདྲ་བ། ལོ་རྒྱུས་རིག་གནས་མི་འདྲ་བའི་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་མ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་ལ་ཉེ། ཀྲུང་གོས་མ་ཨར་ལ་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་མ་ཡི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། མུ་མཐུད་དུ་ཕན་ཚུན་བརྩི་འཇོག་དང་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་དགོས། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ཚོང་དོན་མ་འཇོག་དང་། སྨན་བཅོས་འཕྲོད་བསྟེན། ནུས་རྒྱུ་གཙང་མ། འགྲིམ་འགྲུལ་ཟོག་འགྲེམས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། རིག་གནས་འབྲེལ་འདྲིས་དང་ཀྲུང་ལུགས་གསོ་རིག་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། སློབ་གསོ་དང་ན་གཞོན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཉམ་ལས་རྒྱ་ཆེར་བཏང་སྟེ། ཀྲུང་མའི་མཛའ་མཐུན་སྟོབས་ཤུགས་གསར་པ་མང་པོ་གསོ་སྐྱོང་བྱེད་དགོས། མ་ཨར་ཐ་ནི་དུས་ཡུན་རིང་པོར་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཡིན། ཀྲུང་གོས་མ་ཨར་ཐ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་སྲུང་སྐྱོང་བྱས་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཟླ་རྗེས་མར། ་ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ཡིན། མིག་སྔར་གྲ་སྒྲིག་ལས་དོན་ཁག་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག སྟབས་བདེ་དང་བདེ་འཇགས། ངོ་མཚར་ཆེ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་གཉེར་ནས། ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱལ་ཁབ་སོ་སོས་ལག་གདང་སྦྲེལ་ནས་མཉམ་དུ་འབྱུང་འགྱུར་ལ་ཕྱོགས་པར་སྐུལ་ལྕག་བྱ་རྒྱུ་ཡིན། ཀྲུང་གོས་མ་ཨར་ཐ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད། 

ཝུའེ་ལ་ཡིས་བསྟན་དོན། མ་ཀྲུང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་འདིར་སྐུ་ཞབས་ཀྲུའུ་ཞི་དང་ཁ་པར་བཏང་བར་ཧ་ཅང་དགའ་པོ་བྱུང་ཡོད། ངས་ཁྱོད་ཀྱིས་མ་ཀྲུང་འབྲེལ་བར་དགེ་མཚན་ལྡན་པའི་གདེང་འཇོག་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་འཆར་ལ་མོས་མཐུན་ཡོད། མ་ཀྲུང་བར་ཕྱི་འབྲེལ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པ་དང་། ཕྱོགས་གཉིས་ཀྱི་མཛའ་མཐུན་གྱིས་པྲོག་གསར་གློ་ཚད་རིམས་ནད་སོགས་འགྲན་སློང་སྣ་ཚོགས་ཀྱི་ཚོད་བགམ་ཐེག་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་ཞིང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེ་རུ་གྱུར་ཡོད། མ་ཨར་ཐ་ཡིས་མ་ཀྲུང་བར་གྱི་མཛའ་མཐུན་འབྲེལ་བར་སྔར་བས་འཕེལ་རྒྱས་གཏོང་བར་གཞོལ་ནས། ཀྲུང་གོ་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། མ་ཨར་ཐ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས། ཀྲུང་གོ་དང་མཉམ་དུ་འབྲེལ་ཡོད་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། མ་ཀྲུང་འབྲེལ་བ་དེ་འབྱུང་འགྱུར་གྱི་ལོ50ཡི་ནང་འཕེལ་རྒྱས་སྔར་བས་ལེགས་པོ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་བས་མང་པོ་བསྐྲུན་རྒྱུའི་རེ་བ་ཡོད། མ་ཨར་ཐ་ཡིས་མཐའ་གཅིག་ཏུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཤིང་། ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། མ་ཨར་ཐ་ཡི་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་འགོག་སྨན་གྱི་རོགས་སྐྱོར་བྱས་པ་དང་། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་བྱས་རྗེས་བཞག་པ་དག་ལ། མ་ཨར་ཐ་ཡི་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་རེ་སྒུག་བྱེད་ཀྱིན་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་ལེགས་ངང་འགྲུབ་པར་སྨོན་འདུན་ཞུ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།