ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་པའི”དུས་སུ་ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་སྡེ་བ་ཁྲི8གསར་སྣོན་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སྐྱེ་ཁམས་ཁོར་ཡུག་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། ཆུ་བེད་པུའུ། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱིས་མཉམ་དུ《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ས་རྒྱུ་དང་ས་འོག་ཆུ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད》དཔར་འགྲེམ་བྱས་ཏེ། ས་རྒྱུ་དང་ས་འོག་ཆུ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་བརྒྱུད་རིམ་ལྡན་པར་བཀོད་སྒྲིག་ཞིབ་མོ་བྱས། དེའ་ཁྲོད2025ལོར་བསླེབ་དུས། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་སྡེ་བ་ཁྲི8གསར་སྣོན་བྱ་རྒྱུ་དང་། ཞིང་སྡེའི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད40%ལ་བསླེབ་རྒྱུ། སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་བྱེད་ཚད93%ཡས་མས་ལ་བསླེབ་རྒྱུ་རེད།

སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། 《འཆར་འགོད》ལ་དུས་རིམ་གཉིས་བགོས་ནས་དམིགས་འབེན་བཀོད་སྒྲིག་བྱས་ཡོད་ཅིང་། 2025ལོར་བསླེབ་དུས། རྒྱལ་ཡོངས་ཀྱི་ས་རྒྱུ་དང་ས་འོག་ཆུའི་སྤུས་ཚད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྦགས་བཙོག་ཐེབས་པའི་རྨོ་ཞིང་དང་གཙོ་གནད་འཛུགས་སྐྲུན་ས་ཞིང་གི་བདེ་འཇགས་བེད་སྤྱོད་བྱེད་ཚད་སྲ་བརྟན་དུ་བཏང་བ་དང་མཐོར་འདེགས་བྱུང་ནས། ཞིང་ལས་ངོས་ཁུངས་སྦགས་བཙོག་ལ་ཐོག་མར་དོ་དམ་དང་ཚོད་འཛིན་བྱས་ཏེ། ཞིང་སྡེའི་ཁོར་ཡུག་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ནས། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱ་རྒྱུ་རེད། 2035ལོར་བསླེབ་དུས་རྒྱལ་ཡོངས་ཀྱི་ས་རྒྱུ་དང་ས་འོག་ཆུའི་ཁོར་ཡུག་སྤུས་ཚད་བརྟན་བརླིང་ཁྲོད་ཇེ་ལེགས་སུ་ཕྱིན་ནས། ཞིང་ལས་ཐད་སྤྱོད་པའི་ས་ཞིང་དང་གཙོ་གནད་འཛུགས་སྐྲུན་ས་ཞིང་གི་ས་རྒྱུ་ཁོར་ཡུག་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱས་པ་བརྒྱུད། ས་རྒྱུའི་ཁོར་ཡུག་ཉེན་ཁ་ལ་ཡོངས་སུ་ཚོད་འཛིན་བྱ་རྒྱུ། ཞིང་ལས་ངོས་ཁུངས་སྦགས་བཙོག་ལ་བཀག་འགོག་ནུས་ལྡན་བྱས་ཏེ། ཞིང་སྡེའི་ཁོར་ཡུག་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གྱུར་ནས། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ལེགས་བཅོས་ཆེན་པོ་བྱུང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།