ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་སྐྱེ་དངོས་གླིང་ག་འཛུགས་པར་ཆོག་མཆན་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས4ཉིན། ཀྲུང་གོའི་སྲིད་གཞུང་དྲ་བའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་སྐྱེ་དངོས་གླིང་ག་འཛུགས་པར་ཆོག་མཆན་གནང་ཡོད་པ་རེད། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་སྐྱེ་དངོས་གླིང་ག་འཛུགས་པའི་སྐོར་ལ་མཆན་བཀོད་བཀའ་ལན་གནང་བ་ལྟར་ན། རྒྱལ་ཁབ་སྐྱེ་དངོས་གླིང་ག་དེ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། ཀྲུང་གོའི་ཚན་རིག་གླིང་། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་ལས་མཉམ་སྐྲུན་བྱ་རྒྱུ་རེད།

མཆན་བཀོད་བཀའ་ལན་ནང་། རྒྱལ་ཁབ་སྐྱེ་དངོས་གླིང་ག་འཛུགས་པར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱ་རྒྱུ་དང་། རང་བྱུང་ལ་བརྩི་འཇོག ཁོར་སྲུང་ཨང་དང་པོ། ཕན་ཁེ་མཉམ་རོལ་བྱེད་པར་རྒྱུན་འཁྱོངས་དང་། སྐྱེ་དངོས་གནས་སྤོ་བྱ་བ་གཙོར་བཟུང་ནས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་མངོན་མཚོན་བྱེད་པར་རྒྱུན་འཁྱོངས། སྐྱེ་དངོས་རིགས་ཚོགས་ཀྱི་མ་ལག་བསྡུ་རུབ་དང་ཉར་ཚགས། ཞིབ་འཇུག རྒྱུན་མཐུད་བེད་སྤྱོད། བྱེད་ནུས་སྣ་མང་གི་ནུས་པ་གཅིག་གྱུར་སྒོས་འདོན་སྤེལ་བྱེད་པར་རྒྱུན་འཁྱོངས། སྐྱེ་དངོས་ཤེས་བྱ་དང་གླིང་གའི་རིག་གནས་མཉམ་འདྲེས་འགྲེམ་སྟོན་བྱ་རྒྱུ་དང་། ཀྲུང་གོའི་སྐྱེ་དངོས་གཏམ་རྒྱུད་བརྗོད་རྒྱུ། ཀྲུང་ཧྭའི་རིག་གནས་དང་སྐྱེ་དངོས་སྣ་མང་ཅན་གྱི་ཡིད་དབང་འཕྲོག་ཤུགས་མངོན་རྒྱུ། རང་བདག་གསར་སྐྲུན་ཇེ་དྲག་ཏུ་གཏོང་རྒྱུ། རྒྱལ་སྤྱིའི་ཚད་གཞི་དང་བསྟུན་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་སྔོན་ཐོན། བྱ་དངོས་ཡོད་ཚད་འཆམ་མཐུན་མཉམ་གནས་ཡིན་པའི་རྒྱལ་ཁབ་སྐྱེ་དངོས་གླིང་ག་འཛུགས་དགོས་ཞེས་བླང་བྱ་བཏོན། 

མཆན་བཀོད་བཀའ་ལན་ནང་བསྟན་དོན། ཀྲུང་གོའི་ཚན་རིག་གླིང་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་ལས་འཛིན་ལྷན་ཚོགས་བཙུགས་ཏེ། མཉམ་གྲོས་དང་མཉམ་སྐྲུན། མཉམ་བདག མཉམ་རོལ་བཅས་ཀྱི་དོ་དམ་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་དང་། ཀྲུང་གོའི་ཚན་རིག་གླིང་སྐྱེ་དངོས་ཞིབ་འཇུག་སའོ་དང་པེ་ཅིང་གྲོང་ཁྱེར་སྐྱེ་དངོས་གླིང་གཉིས་ཀྱིས་ད་ཡོད་ཀྱི་འབྲེལ་ཡོད་ཐོན་ཁུངས་བེད་སྤྱད་ནས། ལྷོ་ནུབ་གླིང་ཁུལ་གཉིས་འཛུགས་པར་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་འཛུགས་སྐྲུན། གཅིག་གྱུར་མཚན་གསོལ། གཅིག་གྱུར་ཚད་གཞི་ལྟར་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་པར་བྱ་དགོས། དེ་མིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། ཀྲུང་གོའི་ཚན་རིག་གླིང་བཅས་ཀྱིས་སྔར་ལས་ལྷག་པར་གཅིག་གྱུར་འཆར་འགོད་དང་ལུགས་མཐུན་བཀོད་སྒྲིག་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྐྱེ་དངོས་གླིང་གའི་མ་ལག་འཛུགས་པར་བརྟན་བརླིང་ངང་སྐུལ་འདེད་བྱ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།