ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འཛིན་གྱིས་ཚེ་སྲོག་ལ་སྲུང་སྐྱོབ་དང་བྱ་དངོས་ཡོད་ཚད་འཆམ་མཐུན་ཡོང་བར་སྲུང་སྐྱོང་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དམིགས་མཛུབ་སྟོན་རང་བཞིན་གྱི་དཔེ་མཚོན་གྱོད་དོན་བདུན་འགྲེམ་སྤེལ་བྱས།

སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཁྲིམས་འཛིན་གྱི་སྲུང་སྐྱོབ་བྱེད་པར་དངོས་གནས་ཤུགས་བསྣན་ཏེ།མི་དམངས་ཁྲིམས་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགན་སྲུང་བྱེད་པའི་འགན་ནུས་སྔར་ལས་འདོན་སྤེལ་གང་ལེགས་བྱེད་ཆེད།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉེ་ཆར་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དམིགས་མཛུབ་སྟོན་རང་བཞིན་གྱི་དཔེ་མཚོན་གྱོད་དོན་བདུན་འགྲེམ་སྤེལ་བྱས་པ་རེད།དེའི་དགོངས་དོན་ནི་རྒྱལ་ཡོངས་ཁྲིམས་ཁང་གིས་གཅིག་གྱུར་སྒོས་ཤན་འབྱེད་ཚད་གཞི་བཟོས་ཏེ།ཁྲིམས་འཛིན་གྱི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་གྱོན་དོན་ཁྲིམས་ལྟར་དྲང་གཞག་དང་ཕན་ནུས་མཐོ་བའི་སྒོ་ནས་བདག་སྤྲོད་བྱས་ཏེ།མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་དགོས་མཁོ་མུ་མཐུད་དུ་སྐོང་ཅི་ཐུབ་བྱེད་རྒྱུ་དེ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀུའོ་ཧྥེང་གིས་མཚམས་སྦྱོར་བྱས་པ་ལྟར་ན།2011ལོའི་ཟླ11པར་མཛུབ་སྟོན་རང་བཞིན་གྱི་དཔེ་མཚོན་གྱོད་དོན་སྐོར་དང་པོ་བསྒྲགས་པ་ནས་ད་ལྟའི་བར་དུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསྡོམས་པས་མཛུབ་སྟོན་རང་བཞིན་གྱི་དཔེ་མཚོན་གྱོད་དོན་སྐོར31དང་ཁ་གྲངས178བསྒྲགས་པས། ཆ་སྙོམས་ཀྱིས་ལོ་རེར་དཔེ་མཚོན་གྱོད་དོན18རེ་བསྒྲགས་པ་དང་།དེའི་ནང་དུ་དམངས་དོན་དང་ཚོང་དོན་ཐད་ཀྱི་གྱོད་དོན124དང་།ཉེས་དོན་གྱོད་གཞི26། སྲིད་འཛིན་དང་རྒྱལ་ཁབ་ཀྱི་སྐྱིན་ཚབ་རིགས་ཀྱི་གྱོད་གཞི28བཅས་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དབྱང་ལིན་ཕིན་གྱིས་བསྟན་དོན།མི་དམངས་ཁྲིམས་ཁང་གིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་གྱོད་གཞི་བདག་སྤྲོད་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས། དམངས་དོན་ཁྲིམས་གཞུང་ནང་གི་ལྗང་མདོག་རྩ་དོན་ལག་ལེན་དང་དངོས་འབེབས་ལེགས་པོ་བཅས་བྱས་ཤིང་།སྐྱེ་དངོས་མ་ལག་གི་ཆ་ཚང་རང་བཞིན་ནམ་རང་བྱུང་ས་གཤིས་ཀྱི་སྡེ་ཚན་མུ་འབྲེལ་རང་བཞིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་བཅས་ལ་གཅིག་གྱུར་གྱིས་བསམ་བློ་བཏང་སྟེ།སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བར་གྱི་འབྲེལ་བ་མཐུན་སྦྱོར་ལེགས་པོ་བྱེད་དགོས།སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་ཡོད་པའི་གྱོད་དོན་ཁྲིམས་ལྟར་བདག་སྤྲོད་དང་ཉེན་ཁ་ཆེ་བའི་བྱ་སྤྱོད་ཚབས་ཆེན་ལ་སྔོན་འགོག་རང་བཞིན་གྱི་གཏུག་བཤེར་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་གནོད་འཚེ་ཡོད་ཚད་མགོ་ཁུངས་ནས་རྩ་མེད་དུ་གཏོང་བ་དང་ཡང་ན་ལུགས་མཐུན་གྱི་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་དགོས།

“མི་དམངས་ཁྲིམས་ཁང་གིས་མི་དང་རང་བྱུང་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲུང་འཛིན་བྱས་ཏེ།ནམ་ཡང་བྱ་དངོས་ཡོད་ཚད་འཆམ་མཐུན་ཡིན་པའི་སྐྱིད་པའི་གཞིས་ཁྱིམ་གྱི་འཛུགས་སྐྲུན་མཁན་དང་སྲུང་སྐྱོང་མཁན་ངོ་མ་ཞིག་བྱེད་རྒྱུ་དང་།ཁྲིམས་འཛིན་གྱིས་ཚེ་སྲོག་ལ་སྲུང་སྐྱོབ་དང་།སྒྲིག་ལམ་གྱིས་མཛེས་པའི་ཁོར་ཡུག་སྲུང་སྐྱོང་བྱས་ཏེ།སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་།མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྐྱིད་སྣང་དང་ཐོབ་སྣང་།བདེ་སྣང་བཅས་བསྟུད་མར་ཇེ་དྲག་ཏུ་གཏོང་བ།མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་མཛེས་པའི་གཞིས་ཁྱིམ་མཉམ་སྐྲུན་བྱེད་པ་བཅས་ཀྱི་ཐད་ཁྲིམས་འཛིན་གྱི་སྟོབས་ཤུགས་འདོན་རྒྱུ་ཡིན”ཞེས་དབྱང་ལིན་ཕིན་གྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།